16/12/2019

གཞོན་སྐྱེས་རྩོམ་པ་པོ་དང་དགེ་རྒན་ཇོ་ལེབས་ཟླ་བ་ལགས་བཙོན་གྲོལ་ཐོབ་འདུག

  •   
  •  
  •  
  •  
  •  
  •  
  •  
photo (1)
ལོ་གསུམ་གྱི་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་ཐོབ་པའི་རྩོམ་པ་པོ་དང་དགེ་རྒན་ཇོ་ལེབ་ཟླ་བ་ལགས།

དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པ་ཙམ་ལ།  ན་གཞོན་རྩོམ་པ་པོ་དང་དགེ་རྒན་ཇོ་ལེབས་ཟླ་བ་ལགས་ལོ་གསུམ་གྱི་བཙོན་འཇུག་དུས་བཀག་གི་དུས་ཡུན་རྫོགས་ཏེ།  མཱེན་ཡང་བཙོན་ཁང་ནས་བཙོན་གྲོལ་ཐོབ་ཡོད་འདུག  ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་རྟོགས་བྱུང་མེད་ཀྱང་།  སྔོན་དང་བསྡུར་ན་གཟུགས་པོ་ཧ་ཅང་སྐམ་པོ་ཆགས་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན།  གཞོན་སྐྱེས་རྩོམ་པ་པོ་དང་ <<དུས་རབས་ཀྱི་ང་>>ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ།  དགེ་རྒན་ཇོ་ལེབས་ཟླ་བ་ལགས་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༠ པའི་ཚེས་ ༡ ཉིན་རྔ་པ་ཁུལ་གྱི་བདེ་འཇགས་མི་སྣས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་འཇུ་བཟུང་བྱས་རྗེས།  ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་ཏེ་ལོ་ངོ་གསུམ་གྱི་ཁྲིམས་ཐག་བཅད་ནས་མཱེན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ལྟར།   ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༩ པའི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ལོ་གསུམ་གྱི་བཙོན་འཇུག་དུས་ཡུན་ཚང་སྟེ།  ཁོང་མཱེན་ཡང་བཙོན་ཁང་ནས་དངོས་སུ་བཙོན་གྲོལ་ཐོབ་ཡོད་པ་རེད།

ཇོ་ལེབ་ཟླ་བ་ལགས་རྒྱ་གཞུང་གིས་སྔ་ཕྱིར་ཐེངས་གསུམ་ལ་འཇུ་བཟུང་བྱས་མྱོངས་ཡོད་པ་རེད།  དེ་སྔོན་བོད་ས་ཡོངས་སུ་པགས་རིགས་ཀྱི་རྒྱན་གོས་མེར་བསྲེགས་བཏང་སྟེ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་བསླེབས་པ་ལྟར།  ༢༠༠༦ ལོར་རྔ་པ་ས་ཁུལ་ནས་ས་གནས་མང་ཚོགས་ཀྱིས་བག་རིགས་ཀྱི་རྒྱན་གོས་མེར་སྲེག་གཏོང་སྐབས། རྒྱ་གཞུང་གིས་ཁོང་ལ་ལས་འགུལ་སྣེ་ཁྲིད་བྱས་པའི་ཉེས་མིང་འོག་འཇུ་བཟུང་བྱས་ཏེ་ཟླ་གཅིག་ཙམ་རིང་རྔ་བ་རྫོང་དུ་བཀག་ཉར་བྱས་ཡོད།  ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་ཡང་དོགས་ཡོད་ཉེས་ཅན་དུ་རྩིས་ཏེ། ལོ་དེའི་ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་གྱི་ཞོགས་པར་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་རང་ཁྱིམ་ནས་འཇུ་བཟུང་བྱས་ཏེ་ཟླ་ཤས་རིང་བཀག་ཉར་བྱས་ཡོད་པ་རེད།   དེ་རྗེས་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་ཁྲིན་ཏུའུ་ནས་རྒྱ་གཞུང་གིས་ཁོང་འཇུ་བཟུང་བྱས་པའི་རྗེས།   ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འོག་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་མཱེན་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།

ཇོ་ལེབས་ཟླ་བ་ལགས་ནི་རྔ་བ་རྫོང་ཇོ་ལེབས་སྡེ་བའི་ལྟག་ཀ་ཚང་གི་བུ་ཡིན་པ་དང་། ཁོང་རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་སྐབས་རང་ལོ་ ༣༨ ཡིན་པ་རེད།  སྐབས་དེར་ཁོང་གིས་རྔ་བ་རྫོང་གི་གྲོང་སྡེ་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་ལ།  ལས་ཞོར་དུ་<<དུས་རབས་ཀྱི་ང་>>ཞེས་པའི་དུས་དེབ་རྩོམ་སྒྲིག་བྱེད་བཞིན་ཡོད་པ་རེད། ཁོང་གི་ཆུང་མས་རྔ་བ་རྫོང་ཐོག་ཏུ་དཔེ་དེབ་དང་འོད་སྡེར་ཚོང་འགྲེམས་དང་གཡར་ལེན་བྱེད་སའི་༼ལྷ་མོ་བླ་མཚོའི་སྒྲ་བརྙན་གླིང་༽ ཞེས་པའི་དཔེ་ཚོང་ཁང་ཞིག་གཉེར་བཞིན་ཡོད་པ་དང་།  ཁོང་བཟའ་ཚོ་གཉིས་ལ་བུ་ཕྲུག་གཉིས་ཡོད་པ་རེད།

ཇོ་ལེབས་ཟླ་བ་ལགས་རྒྱ་གཞུང་ཉེན་རྟོག་མི་སྣས་ཁྲིན་ཏུའུ་གྲོང་ཁྱེར་ནས་འཇུ་བཟུང་བྱས་པའི་རྗེས།  རྔ་པ་རྫོང་ཉེན་རྟོག་མི་སྣས་ཆུང་མའི་དཔེ་ཚོང་ཁང་ནང་སྔོག་བཤེར་བྱས་ཏེ།  གློག་ཀླད་ཆུང་ཆུང་ཞིག་དང་བཅའ་དངོས་གཡར་ལེན་བྱེད་སྐབས་ཀྱི་ཐོ་གཞུང་། དེ་བཞིན། དེབ་གཟུགས་མ་ཡིན་པའི་རྩོམ་ཡིག་ཁག་ཅིག་བཅས་བཙན་འཁྱེར་བྱས་ཡོད་པ་རེད།  ཁོང་ལ་བཙོན་འཇུག་ཁྲིམས་ཐག་གཅོད་སྐབས་ཁྲིམས་རྩོད་གླས་ཏེ་ཁྲིམས་ཐོག་ནས་ཁེ་དབང་བརྩད་ཐོག་པའི་ཐོབ་ཐང་གང་ཡང་སྤྲད་མེད་པ་རེད།

ཇོ་ལེབ་ཟླ་བ་ལགས་མཱེན་ཡང་བཙོན་ཁང་ནང་བཙོན་འཇུག་དུས་ཡུན་རྫོགས་ཏེ་བཙོན་གྲོལ་སྐབས།  བཙོན་འཇུག་མ་བྱས་པའི་སྔོན་དང་བསྡུར་ན་ཁོང་གི་གཟུགས་པོ་ཧ་ཅང་སྐམ་རུལ་ཏུ་གྱུར་ཡོད་པ་རེད། ཡིན་ནའང་། ད་ལྟའི་ཆར་བཙོན་འཇུག་མནར་གཅོད་འོག་ཁོང་གི་གཟུགས་པོར་གཅོང་ནན་ཆགས་ཡོད་མེད་སྐོར་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག