09/08/2020

ཁྲིམས་མཐུན་བརྒྱུད་རིམ་མེད་པར་བོད་མི་སྐྱ་སེར་གཉིས་ལ་ཁྲིམས་ཐག་བཅད་འདུག

  •   
  •  
  •  
  •  
  •  
  •  
  •  

རྒྱ་གཞུང་གིས་ཁྲིམས་མཐུན་བརྒྱུད་རིམ་གང་ཡང་མེད་པའི་ཐོག་ནས།  ཉེ་ཆར་བོད་ནང་དགེ་འདུན་པ་ཞིག་ལོ་ ༥ ཡི་དུས་བཀག་བཙོན་འཇུག་དང་། མི་སྐྱ་གླུ་བ་ཞིག་ལ་ལོ་ ༦ གི་དུས་བཀག་བཙོན་འཇུག་བཅས་ཀྱི་ཁྲིམས་ཐག་བཅད་འདུག

7_edited-1
ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་པའི་གྲྭ་བློ་བཟང་སྤྱིན་པ་ལགས།

འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གསལ། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡ ཉིན་རྒྱ་གཞུང་གིས་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་ཉ་མཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་ ༥ འཇུ་བཟུང་བྱས་པའི་ཁྲོད་ནས། དབང་པོ་སྐྱོན་ཅན་ཡིན་པ་གྲྭ་ངག་དབང་སྨོན་ལམ་ལགས་ཟླ་གཅིག་རིང་བཀག་ཉར་བྱས་རྗེས་ཀློད་གྲོལ་བཏང་ཡོད་པ་དང་། གཞན་རྣམས་མུ་མཐུད་བཀག་ཉར་བཙོན་འཇུག་བྱས་ཏེ་ཟླ་འགའ་ཕྱིན་པའི་རྗེས།  བཙོན་ཁང་ནང་ཉེས་རྡུང་མནར་གཅོད་ཚད་མེད་བཏང་བར་བརྟེན་ནས། གྲྭ་བློ་བཟང་སྦྱིན་པ་དང་ཚུལ་ཁྲིམས་སྐལ་བཟང་གཉིས་ཀྱི་གཟུགས་པོར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་གནས་སྐབས་རིང་བཙོན་ཁང་ནས་གློད་དགོས་བྱུང་ཡོད་ཀྱང་། ཕྱི་ལོ་ ༢༠༡༣ ཟླ་ ༢ པའི་ཚེས་ ༢༣ ཉིན་གྲྭ་བློ་བཟང་སྦྱིན་པ་ལགས་སླར་ཡང་དགོན་ནང་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད།  ཉེ་ཆར་རྒྱ་གཞུང་གིས་ཁོང་ལ་ལོ་ ༥ དུས་བཅད་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

ཡིན་ནའང་།  ད་ལྟའི་ཆར་གྲྭ་བློ་བཟང་སྤྱིན་པ་ལགས་བཙོན་ཁང་གང་དུ་བཅུག་ཡོད་མེད་དང་།  ཁོང་གི་གཟུགས་པོའི་གནས་སྟངས་ག་འདྲ་ཡོད་མེད། ཉེས་མིང་ཅི་ཞིག་ལ་ཁ་གཡར་ཏེ་ཁོང་ལ་ཁྲིམས་ཐག་བཅད་ཡོད་མེད་སྐོར་ཤེས་རྟོགས་བྱུང་མི་འདུག  གྲྭ་བློ་བཟང་སྦྱིན་པ་ལགས་ནི་ད་ལྟ་རང་ལོ་ ༣༡ ཡིན་ལ།  ཁོང་གི་ཕའི་མིང་ལ་རྟ་རྒྱལ་དང་མའི་མིང་པདྨ་མཚོ་མོ་ཟེར་གྱི་ཡོད་འདུག

Lolo-199x300
ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གླུ་བ་བློ་བློ་ལགས།

གཞན་ཡང་། ཡུལ་ཤུལ་བྲག་དཀར་སྡེ་བའི་གླུ་བ་བློ་བློ་ལགས་ ༢༠༡༢ ཟླ་ ༤ པའི་ཚེས་ ༡༩ ཉིན་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་ཏེ།  འདྲི་གཅོད་གཅར་རྡུང་ཚད་མེད་བཏང་མཐར་ཕྱིར་ཀློད་ཡོད་ཀྱང་། ཕྱི་ལོ་ ༢༠༡༣ ཟླ་ ༢ པའི་ཚེས་ ༢༣ ཉིན་ཁོང་སླར་ཡང་འཛིན་བཟུང་བྱས་ཡོད་པ་མ་ཟད།   ཉེ་ཆར་རྒྱ་གཞུང་གིས་ཁོང་ལ་ལོ་ ༦ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

ད་ལྟའི་ཆར་གླུ་བ་བློ་བློ་ལགས་བཙོན་ཁང་གང་དུ་བཅུག་ཡོད་སྐོར་དང་། རྒྱ་གཞུང་གིས་ནག་ཉེས་ག་རེ་བཙུགས་ཏེ་ཁོང་ལ་ཁྲིམས་ཐག་བཅད་ཡོད་མེད་སོགས་ཀྱི་གནས་སྟངས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།  གླུ་བ་བློ་བློ་ལགས་ནི་ད་ལྟ་རང་ལོ་ ༣༠ ཡིན་པ་དང་། ཁོང་གི་ཕའི་མིང་ལ་འཇམ་དབྱངས་ཆོས་རྒྱལ་དང༌མའི་མིང་ལ་ཆོས་སྐྱིད་སྒྲོལ་མ་ཟེར་གྱི་ཡོད་འདུག

དེ་བཞིན།  རྒྱ་གཞུང་གིས་མཉམ་དུ་འཇུ་བཟུང་བྱས་པའི་གོང་བཀོད་ཉ་མཚོ་ཟིལ་དཀར་དགོན་པའི་དགེ་འདུན་ ༥ ཡི་ཁྲོད་ནས།  ལོ་སྔོན་མའི་ལོ་མཇུག་ཙམ་ལ་མཚོ་སྔོན་ཞིང་ཆེན་གྱི་མངའ་སྡེ་གྲོང་ཁྱེར་ཟི་ལིང་གི་ཁྲིམས་ཁང་ཞིག་གིས་ཁྲིམས་རྩོད་པ་དང་ནང་མི་ཉེ་འབྲེལ་སོགས་ཅི་ཡང་མེད་པའི་ཐོག་ནས། རང་ལོ་ ༤༥ ཡིན་པའི་དགེ་འདུན་པ་བསོད་ནམས་ཤེས་རབ་དང་། རང་ལོ་ ༤༤ ཡིན་པའི་དགེ་འདུན་པ་བསོད་ནམས་དབྱིག་གཉེན་གཉིས་ལ་ལོ་ ༢ རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།