17/01/2021

ཁོར་ཡུག་སྲུང་སྐྱོབ་པ་སྐྱང་གསོ་གྲོང་པའི་རྒྱ་མཚོ་ལགས་གཙོས་བོད་མི་ ༡༤ ་ལ་གཅར་རྡུང་དྲག་པོ་བཏང་སྟེ་སྨན་ཁང་དུ་བསྐྱལ་འདུག

  •   
  •  
  •  
  •  
  •  
  •  
  •  
2-photo(4)
༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་རྒྱ་གཞུང་གིས་གནས་རི་རྨ་ཆེན་སྤོམ་ར་དམག་མིས་སྐོར་ཏེ་བོད་མི་བསང་གསོལ་གཏོང་མཁན་རྣམས་ལ་བཀག་སྡོམ་བྱེད་བཞིན་པ།

ཟླ་འདི་ཕྱི་ཟླ་ ༧ ཚེས་ ༦ ཉིན་སྟེ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན།  ཁམས་རྟའུ་རྫོང་དུ་སེར་སྐྱ་མང་ཚོགས་རྣམས་གནས་རི་རྨ་རྒྱལ་སྤོམ་རའི་རྩེར་བསང་གསོལ་དུ་བསྐྱོད་སྐབས། རྒྱ་གཞུང་གིས་དམག་མི་མང་པོ་བཏང་སྟེ་མང་ཚོགས་ཐོག་ལ་མེ་མདའ་བརྒྱབ་ནས་ཛ་དྲག་གནས་ཚུལ་བྱུང་ཡོད་པ་ལྟར། ཉིན་དེར་མང་ཚོགས་རྣམས་ཕྱིར་རི་འདབས་ཀྱི་ཟམ་ཁར་བསླེབས་རྗེས་ཀྱང་། རྒྱ་དམག་གིས་བསྐྱར་དུ་མང་ཚོགས་ལ་གཅར་རྡུང་དྲག་པོ་བྱས་མཐར་རྟའུ་རྫོང་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་མི་སྐྱང་གསོ་གྲོང་པའི་རྒྱ་མཚོ་ལགས་གཙོས་བོད་མི་ ༡༤ འཇུ་བཟུང་བཙན་ཁྲིད་བྱས་རྗེས། ཕྱི་ཚེས་ ༧ གྱི་མཚན་ལ་ཁོང་ཚོ་ཀློད་ཡོད་ཀྱང་། ཉེས་རྡུང་དྲག་པོ་བཏང་སྟེ་རྨས་སྐྱོན་ཚབས་ཆེན་བཟོས་སྟབས་སྨན་ཁང་དུ་སྨན་བཅོས་བྱེད་དགོས་བྱུང་འདུག

འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གསལ།  ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་གནས་རི་རྨ་ཆེན་སྤོམ་རར་བསང་གསོལ་དུ་བསྐྱོད་མཁན་བོད་རིགས་དད་ལྡན་སེར་སྐྱ་མང་ཚོགས་ཐོག་རྒྱ་དམག་གིས་མེ་མདའ་བརྒྱབ་སྟེ།  མི་མང་པོ་རྨས་སྐྱོན་ཚབས་ཆེན་བཟོས་ནས་སྨན་ཁང་ནང་མྱུར་སྐྱོབ་བྱེད་དགོས་བྱུང་ཡོད་ལ།  དེ་བཞིན།  ཉིན་དེར་སེར་སྐྱ་མང་ཚོགས་རྣམས་གནས་རི་རྨ་ཆེན་སྤོམ་རའི་རི་སྒང་ནས་ཕྱིར་ལོག་སྟེ་རི་འདབས་ཀྱི་ཟམ་ཁར་བསླེབས་རྗེས།  དེ་གར་འདུ་འཛོམས་ཐོག་བོད་མིས་བསང་གསོལ་ཡང་གཏོང་མི་ཆོག་པའི་རྒྱུ་མཚན་དང་།  བོད་མིར་ཆོས་དད་རང་དབང་དགོས་པ་སོགས་ཀྱི་སྐད་འབོད་བྱས་སྐབས།  རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་དམག་མི་མང་པོ་བསླེབས་ཏེ་སླར་ཡང་སེར་སྐྱ་མང་ཚོགས་ལ་གང་བྱུང་གཅར་རྡུང་དང་མི་ ༡༤ འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།

སྐུའི་འཁྲུངས་ཉིན་བོད་མིར་དྲག་གནོན་གྱི་ཛ་དྲག་གནས་ཚུལ་དེ་བྱུང་རྗེས།  ཟི་ཁྲོན་ཞིང་ཆེན་གྱི་མངའ་སྡེ་བློན་ཆེན་རྟའུ་རྫོང་ལ་བསླེབས་ཡོད་པ་དང་།  སྐབས་དེར་ཉ་མཚོ་དགོན་པའི་གྲྭ་པ་རྒན་པ་དག་གིས་ཁོ་དང་མཉམ་དུ་སྐད་ཆ་བཤད་དེ།  འཇུ་བཟུང་བཀག་ཉར་བྱས་ཡོད་པ་རྣམས་ཀློད་དགོས་པའི་རེ་སྐུལ་བྱས་པ་ལྟར།  ཕྱི་ཚེས་ ༧ གྱི་མཚན་མོའི་ཆུ་ཚོད་ ༡༠ ཙམ་འཇུ་བཟུང་བཀག་ཉར་བྱས་ཡོད་པའི་བོད་མི་ ༡༤ པོ་ཀློད་ཡོད་པ་དང་།  སྐབས་དེར་འབྲེལ་ནང་མི་གྲྭ་བཙུན་ཁག་ཁོ་ཚོ་ལེན་དུ་བསྐྱོད་སྐབས།  ཁོ་ཚོ་ཚང་མར་གདར་རྡུང་དྲག་པོ་བཏང་སྟེ་གཟུགས་པོ་ཡར་ལངས་མི་ཐུབ་པ་བཟོས་ཡོད་འདུག  ད་ལྟའི་ཆར་མི་བཅུ་བཞི་པོ་ཆ་ཚང་སྨན་ཁང་ནང་སྨན་བཅོས་བྱས་ཏེ་སྡོད་དགོས་པའི་གནས་སྟངས་ཆགས་ཡོད་འདུག

འཇུ་བཟུང་གཅར་རྡུང་འོག་རྨས་སྐྱོན་ཕོག་ཡོད་པའི་གྲས་ཀྱི་གཅིག་ནི་མདུན་སྐྱ་གྲོང་པའི་རྒྱལ་མཚན་ལགས་ཡིན་པ་དང་།  ཁོང་ནི་རྟའུ་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་མི་ཡིན་འདུག  ཁོང་ལ་དམག་མིས་གཅར་རྡུང་དྲག་པོ་བཏང་སྟེ་རྩིབ་མ་གཉིས་བཅག་ཡོད་པ་མ་ཟད།  ད་ལྟའི་ཆར་གཟུགས་པོ་ཡར་ལངས་ཏེ་འགྲོ་བསྐྱོད་མ་ཐུབ་པར་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད་འདུག གཞན་ཡང་། གནས་རི་རྨ་ཆེན་སྤོམ་རའི་སྒང་དུ་རྒྱ་དམག་གིས་བོད་མི་མང་ཚོགས་ཐོག་མེ་མདའ་བརྒྱབ་པའི་སྐབས། ཉ་མཚོ་དགོན་པའི་ད་ལྟའི་ཕྱག་མཛོད་ཚེ་དབང་ཆོས་འཕེལ་ལགས་ལའང་མདེའུ་ཕོག་སྟེ་ད་ལྟ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག

ཁམས་རྟའུ་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ནི་ཕྱི་ལོ་ ༢༠༡༡ ལོར་ས་གནས་མི་མང་དང་དགོན་པ་གཉིས་མཉམ་འབྲེལ་ཐོག   ས་ཁུལ་གྱི་ཁྱིམ་ཚང་ཆེ་གྲས་རེ་ནས་མི་སྣ་གཅིག་རེ་འདེམས་སྒྲིག་བྱས་ཏེ་གསར་འཛུགས་བྱས་པ་ཞིག་ཡིན་ལ།  ཚོགས་པ་འདིར་ཁྱོན་བསྡོམས་ཚོགས་མི་ ༥༠ ཡོད་པ་དང་།  ཚོགས་པ་འདིས་ད་ལྟའི་བར་དུ་མ་སྐུལ་དང་བླངས་ཐོག་རྟའུ་ཁུལ་གང་བྱུང་ཤིང་ནགས་གཅོད་འབྲེགས་དང་། རི་སྐྱེས་སྲོག་ཆགས་དམར་གསོད།  མཚོ་དང་རྒྱུགས་ཆུའི་ནང་ཉ་རིགས་འཇུ་བཟུང་།  རི་སྒང་དུ་གང་བྱུང་གཏེར་ཁ་བསྔོག་འདོན་དང་ཤིང་སྡོང་གཅོད་འབྲེགས་སོགས་ལ་བཀག་སྡོམ་བྱས་ཏེ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་ལས་གཞི་སྣ་ཚོགས་སྤེལ་བཞིན་ཡོད།  རྒྱལ་མཚན་ལགས་ཀྱང་རྟའུ་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་མི་ ༥༠ གྲས་ཀྱི་གཅིག་ཡིན་པ་རེད།

༢༠༡༢ ལོའི་ཕྱི་ཟླ་ ༣ ནང་འདི་ག་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར། ལོ་སྔོན་མའི་ཕྱི་ ༢ ཟླ་དཀྱིལ་ཙམ་ལ་རྒྱ་གཞུང་གིས་གནད་དོན་འདྲ་མིན་ལ་ཁ་གཡར་ཏེ།  རྟའུ་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་མི་ ༤ འཇུ་བཟུང་བྱས་ཡོད་པ་མ་ཟད།  ཕྱི་ཟླ་ ༤ ཚེས་ ༢༦ ཉིན་དཀར་མཛེས་ཁུལ་སྲིད་གཞུང་གིས་བརྡ་ཁྱབ་བཏང་སྟེ།  གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ཀྱིས་རྒྱ་གཞུང་ལ་དེབ་སྐྱེལ་མ་བྱས་ཚེ་སྒོ་རྒྱག་རྒྱུ་ཡིན་སྐོར་བཙན་བཀའ་བཏང་ཡོད་པ་རེད།