17/01/2021

ཁེར་རྐྱང་ཞི་རྒོལ་བ་གྲྭ་བློ་བཟང་བསྟན་པ་ལགས་བཙོན་དུས་གཙང་སྟེ་གློད་འདུག

  •   
  •  
  •  
  •  
  •  
  •  
  •  
གྲྭ་བློ་བཟང་བསྟན་པ་ལགས་བཙོན་དུས་གཙང་སྟེ་གློད་གྲོལ་སྐབས་བཙོན་ཁང་སྒོ་མདུན་ནས་སྐྱོན་པའི་འདྲ་པར།
གྲྭ་བློ་བཟང་བསྟན་པ་ལགས་བཙོན་དུས་གཙང་སྟེ་གློད་གྲོལ་སྐབས་བཙོན་ཁང་སྒོ་མདུན་ནས་སྐྱོན་པའི་འདྲ་པར།

མི་སྒེར་ཁེར་རྐྱང་གིས་ཞི་བའི་ངོ་རྒོལ་གོམ་བགྲོན་མཁན་གྲྭ་བློ་བཟང་བསྟན་པ་ལགས། ཉེ་ཆར་ལོ་གཉིས་ཀྱི་བཙོན་དུས་གཙང་སྟེ་ཟི་ཁྲོན་ཁྲིན་ཏུའུ་ནར་མ་སོན་པའི་ན་གཞོན་གྱི་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་ཡོད་འདུག

ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༥ ཉིན། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་ལགས། ལོ་གཉིས་ཀྱི་བཙོན་འཇུག་དུས་ཡུན་གཙང་སྟེ་ཕྱིར་གློད་ཡོད་འདུག ཉེ་སྔོན་བོད་ནང་མི་སྒེར་རྐྱང་པས་ལག་ཏུ་༧གོང་ས་མཆོག་གི་སྐུ་པར་འཕྱར་བཞིན་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་གོམ་བགྲོད་བྱེད་མཁན་མང་པོ་བྱུང་དང་འབྱུང་བཞིན་པ་ལྟར། ཁོང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༦ ཉིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་། ལག་གཉིས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མགོ་ལ་འཕྱར་ཏེ་༼བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས།༽ ཞེས་ཞི་བའི་ངོ་རྒོལ་གོམ་བགྲོད་བྱས་པར་བརྟེན་ནས། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་ཀྱིས་ཡུན་རིང་གར་སོང་ཆ་མེད་ཀྱི་གནས་སྟངས་ཆགས་མཐར། ལོ་དེའི་ཕྱི་ཟ་ ༡༡ ཚེས་ ༧ ཉིན་གྱི་སྔ་དྲོ་རྔ་པ་རང་སྐྱོང་ཁུལ་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ༼རྒྱལ་ཁབ་ལ་ངོ་ལོག་གི་བྱ་སྤྱོད་སྤེལ་བའི་༽ཉེས་མིང་འོག་ལོ་ ༢ ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། སྐབས་དེར་ནང་མིར་བརྡ་བརྒྱབ་སྟེ་ཁྲིམས་རར་ཟུར་ཉན་དུ་ཡོང་བཅུག་ཡོད་པ་ཙམ་ལས། སོ་སོ་སྒེར་དང་ནང་མིའི་ངོས་ནས་ཁྲིམས་རྩོད་པ་གླས་ཏེ་ཉེས་པ་དག་འབུལ་གྱི་གོ་སྐབས་གང་ཡང་སྤྲད་མེད་པ་རེད།

གྲྭ་བློ་བཟང་བསྟན་པ་ལགས་འཇུ་བཟུང་བཙོན་འཇུག་སྐབས་ལོ་ ༡༨ ཙམ་ཡིན་ལ། ཁོང་གློད་གྲོལ་སྐབས་བཙོན་ཁང་སྒོ་མདུན་དུ་བརྒྱབ་པའི་པར་རིས་ལས་གསལ་བོད་མཐོང་ཐུབ་པ་ནི། ཁོང་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ནར་མ་སོན་པའི་ན་གཞོན་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པ་མཐོང་ཐུབ། བཙོན་ཁང་དེ་ནི་ཁྲིན་ཏུའུ་གྲོང་ཁྱེར་ཝུ་ཧུའུ་ས་ཁུལ་ཚུའུ་ཆའོ་ཞང་དུ་ཡོད་འདུག གཞན་ཡང་། དེ་སྔོན་གྲྭ་བློ་བཟང་བསྟན་པ་དང་མཉམ་དུ་གྲྭ་བློ་བཟང་རྒྱ་ཚོ་ལགས་ལའང་ལོ་ ༣ ཀྱི་བཙོན་འཇུག་ཁྲིམས་ཐག་བཅོད་ཡོད་པ་རེད། གྲྭ་བློ་བཟང་རྒྱ་ཚོ་ལགས་ཀྱིས་ཀྱང་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢ ཉིན། རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་ལག་ཏུ་ཁོང་རང་ཉིས་ཀྱི་བྲིས་པའི་བོད་ཀྱི་རྒྱལ་དར་ཞིག་བཟུང་སྟེ། ༼བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།༽ཞེས་ཞི་བའི་ངོ་གོལ་གོམ་བགྲོད་བྱས་ཡོད་པ་དང་། སྐབས་ཐོག་དེར་འཇུ་བཟུང་མ་ཐེབས་པར་ཕྱིར་དགོན་པའི་ནང་འབྱོར་ཡོད་མོད། ཟླ་དེའི་ཕྱི་ཚེས་ ༡༥ ཉིན་རྒྱ་གཞུང་ཉེན་རྟོག་པ་དགོན་པའི་ནང་འཛུལ་ཡོང་སྟེ་འཇུ་བཟུང་བཙན་བྱས་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་བའི་གྲངས་འབོར་ལྟར་ན། ཕྱི་ལོ་ ༢༠༡༤ ནས་ ༢༠༡༦ བར་དུ་བོད་ནང་མི་སྒེར་ཁེར་རྐྱང་ཁྲོམ་གཞུང་དུ་ཐོན་ནས་ཞི་བའི་ངོ་རྒོལ་གོམ་བགྲོད་བྱེད་མཁན་ ༢༧ བྱུང་ཡོད་པའི་ནང་བུད་མེད་ ༦ ཡོད་པ་རེད། ཁོ་ཚོའི་ཁྲོད་ཀྱི་མང་ཆེ་བ་ནི་རྔ་པ་རྫོང་ཁོངས་ནས་ཡིན་པ་རེད། བོད་མི་ཁེར་རྐྱང་ཞི་བའི་ངོ་རྒོལ་བ་དེ་དག་རྒྱ་གཞུང་ཉེན་རྟོག་དམག་མིས་འཇུ་བཟུང་བཙན་འཁྲིད་བྱས་རྗེས། རེ་གཉིས་ཤིག་ལ་བཀག་ཉར་གཅར་རྡུང་ཚད་མེད་བཏང་རྗེས་ཕྱིར་གློད་ཡོད་པ་ལས། གཞན་མང་ཆེ་བ་གནས་ཚུལ་གང་ཡང་ཤེས་རྟོགས་མི་ཐུབ་པར་གར་སོང་ཆ་མེད་ཀྱི་གནས་སྟངས་སུ་འགྱུར་བཞིན་ཡོད། ཉེ་སྔོན་ཤེས་རྟོགས་བྱུང་བ་ལྟར་ན་དེ་དག་ཁྲོད་ནས་བོད་མི་བཞི་ལ་དུས་ཡུན་ལོ་ ༢ ནས་ ༤ བར་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དོན་དངོས་ཐོག་བོད་ནང་ཁེར་རྐྱང་ཞི་རྒོལ་བྱེད་མཁན་གོང་གསལ་གྲངས་འབོར་ལས་ལྷག་པ་ཡོད་ངེས་པ་མ་ཟད། ཁོ་ཚོའི་ཁྲོད་མང་པོ་ཞིག་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་བཤད་མ་དགོས་པ་ཞིག་རེད། ཡིན་ནའང་། རྒྱ་གཞུང་གིས་བོད་ནང་དུ་དམག་མི་མང་པོ་འགྲེམས་འཇོག་གིས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་ཕྱོགས་ཡོངས་ནས་བཀག་སྡོམ་དང་། བོད་མི་རྣམས་ལ་གསང་བའི་སྒོ་ནས་བཙོན་འཇུག་ཁྲིམས་ཐག་གཅོད་ཡོད་ལ། དེ་བཞིན། བོད་ནང་གསན་འཕྲིན་དྲ་རྒྱར་ཞིབ་བཤེར་བཀག་སྡོམ་ནན་མོ་བྱེད་ཀྱིན་ཡོད་སྟབས། ད་ལྟའི་བར་བོད་ནང་ཁེར་རྐྱང་ཐོག་ཞི་བའི་ངོ་རྒོལ་གནང་མཁན་དང་བཙོན་འཇུག་ཁྲིམས་ཆད་ཕོག་མཁན་གྱི་གྲངས་འབོར་ཏག་ཏག་ཤེས་ཁག་པོ་ཆགས་ཡོད།

སྤྱིར་བོད་མི་ཁེར་རྐྱང་ཐོག་ཞི་བའི་ངོ་རྒོལ་གོམ་བགྲོད་གནང་དེ་དག་གིས། རྒྱ་གཞུང་རྩ་ཁྲིམས་དང་འགལ་བའི་ནག་ཉེས་གང་ཡང་བསགས་མེད་པར། ཁོང་ཚོས་ཁྲིམས་དང་མཐུན་པའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལོངས་སྤྱོད་ཐོག སོ་སོའི་མངོན་འདོད་ཞི་བའི་སྒོ་ནས་གསལ་འདོན་བྱས་པ་ཞིག་ཆགས་ཀྱི་ཡོད། རྒྱ་གཞུང་གི་རྩ་ཁྲིམས་ནང་དུའང་རྒྱ་ནག་གི་མི་དམངས་ཚང་མར་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སོགས། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་པའི་ཁེ་དབང་ཡོད་པ་བརྗོད་ཡོད། ཡིན་ནའང་། རྒྱ་གཞུང་གིས་བོད་རྣམས་ཀྱིས་ཁེར་རྐྱང་ཐོག་ཁྲོམ་ལ་ཐོན་ནས་སོ་སོའི་མངོན་འདོད་བསྒྲགས་པ་དེར། ༼རྒྱལ་ཁབ་ལ་ངོ་ལོག༽དང་༼རྒྱལ་ཁབ་ཁ་བྲལ༽སོགས་ཀྱི་ཉེས་མིང་གཡོགས་ཏེ། གང་བྱུང་འཇུ་བཟུང་བཙན་འཁྲིད་དང་བཙོན་འཇུག་ཁྲིམས་ཐག་གཅོད་བཞིན་པའི་གནས་སྟངས་འདི་ལས། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་གང་ཡང་མེད་པ་གསལ་འདོན་བྱས་ཡོད།

རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས། རང་བྱུང་ཁོར་ཡུག བོད་མིའི་རང་རྐྱ་འཕེར་བའི་འཚོ་གནས་བཅས་རྩ་གཏོར་བཏང་སྟེ། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཐབས་ཀྱི་མི་སེར་སྤེལ་དྲག་གནོན་སྲིད་ཇུས་ཤུགས་ཆེ་རུ་བཏང་བར་བརྟེན་ནས། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་དང་། དེ་རྗེས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལས་འགུལ་བྱུང་སྟེ། ད་ལྟའི་བར་བོད་མི་ ༡༤༠ ལྷག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་རིམ་པར་བྱས་ཡོད། ཡིན་ནའང་། རྒྱ་གཞུང་གིས་བོད་ནང་གི་དངོས་ཡོད་དཀའ་སྡུག་དང་བོད་མིའི་མངོན་འདོད་སྣང་མེད་བཏང་བར་མ་ཟད། བོད་ཁུལ་དུ་དམག་མི་ཕོན་ཆེན་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེན་པོ་བྱས་པར་མ་ཟད། རང་བསྲེགས་ཞི་རྒོལ་གནང་མཁན་གྱི་ནང་མི་དང་སྡེ་བ། དགོན་སྡེ། ཡུལ་ཚོ་བཅས་ལ་མང་ཚོགས་རང་བཞིན་གྱི་དྲག་གནོན་ཁྲིམས་གཅོད་བྱས་ཏེ། བོད་མི་རྣམས་ལ་སོ་སོའི་མངོན་འདོན་གསལ་བརྗོད་ཀྱི་གོ་སྐབས་གང་ཡང་མེད་སྟབས། ཐབས་ཟད་ཨུ་ཐུག་གི་གནས་སུ་གྱར་ནས་བོད་མི་དེ་དག་མི་སྒེར་ཁེར་རྐྱང་དུ་ཁྲོམ་ལ་ཐོན་ནང་ཞི་བའི་ངོ་རྒོལ་བྱ་དགོས་བྱུང་ཡོད་པ་རེད།