12/11/2019

ཁམས་ནང་ཆེན་རྫོང་གི་མཁན་པོ་གཉིས་བཙན་ཁྲིད།

  •   
  •  
  •  
  •  
  •  
  •  
  •  

ཉེ་ཆར་ཁམས་ནང་ཆེན་ནས་ཡིན་པའི་མཁན་པོ་ཀར་ཚེ་དང་མཁན་པོ་འགྱུར་མེད་ཚུལ་ཁྲིམས་རྒྱ་གཉིས། རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་ཀྱིས་ཉིན་ཤས་ཕྱིན་རྗེས། ས་གནས་མི་མང་གིས་རྩད་གཅོད་ནས་རྒྱ་གཞུང་ལ་གློད་དགོས་པའི་ཞུ་གཏུགས་ཤུགས་ཆེན་བྱས་པར་བརྟེན།  མཁན་པོ་གཉིས་གློད་དགོས་བྱུང་ཡོད་འདུག

2013_12_11འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན།  ནང་ཆེན་རྫོང་གི་མཁན་པོ་ཀར་ཚེ་ལགས་དགོན་པའི་ཆེད་དུ་སྐུ་འདྲ་ཆེན་པོ་ཞིག་བསླུ་སར་ འགྲོ་བའི་སྐབས་དང་བསྟུན་ནས།  ཕྱི་ཟླ་ ༡༢ ཚེས་ ༦ མཚན་མོའི་ཆུ་ཚོད་ ༡ ཙམ་ལ། རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་གསང་བའི་ཐོག་འཛིན་བཟུང་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག

རྗེས་སུ་དགོན་པ་དང་ཡུལ་མིས་གནས་ཚུལ་དེ་ཤེས་རྟོགས་བྱུང་ནས།  དགོན་སྡེ་ཁག་གི་འཐུས་མི་དང་གྲོང་སྡེ་ཆེ་ཆུང་༣༠ ལྷག་གི་འཐུས་མི་རྣམས་མཉམ་འཛོམས་བྱས་ཏེ།  མཁན་པོ་ཁོང་མགྱོགས་མྱུར་དགོན་པར་རྩིས་སྤྲོད་མ་བྱས་ཚེ། ནང་ཆེན་རྫོང་གི་དགོན་སྡེ་དང་ཡུལ་སྡེ་སོ་སོས་རང་སྲོག་ལ་མི་འཛེམས་པར་ངོ་རྒོལ་ཤུགས་ཆེ་བྱ་རྒྱུ་ཡིན་ཞེས་ནས། ཡུལ་སྡེ་ཆེ་ཆུང་ ༣༠ ལྷག་ཙམ་གྱི་མི་མང་དང་།  ནང་ཆེན་རྫོང་ཐོག་དང་རྫོང་གི་ཉེ་སར་ཡོད་པའི་མི་མང་ ༤༠༠༠ ཙམ་གྱིས་ཞུ་ཡིག་ལ་ས་རྟགས་བཀོད་ནས་སྲིད་གཞུང་ལ་ཕུལ་བར་བརྟེན། ཕྱི་ཚེས་ ༡༠ ཉིན་གློད་གྲོལ་བཏང་ཡོད་འདུག  སྐབས་དེར་མཁན་པོས་དགོན་པར་ཞལ་པར་ཕུལ་ཏེ། ཁོང་ཉིན་ཤས་རིང་ཆབ་མདོའི་ཉེན་རྟོག་པས་བཙན་བཀག་བྱས་སོང་བ་བརྗོད་ཡོད་འདུག

མཁན་པོ་ཀར་ཚེ་ནི་ནང་ཆེན་ཕྱོགས་ཀྱི་མཁན་པོ་མིང་གྲགས་ཆེ་ཤོས་གྲས་ཤིག་ཡིན་པ་མ་ཟད། ཁོང་དེ་སྔོན་ནས་རྒྱ་གཞུང་གིས་ཐེངས་མང་འཛིན་བཟུང་བྱ་རྩིས་བྱས་ཡོད་པ་དང་། གལ་སྲིད་ཁོང་ནང་ཆེན་རྫོང་གི་ས་ཁོངས་བརྒལ་ནས་འགྲོ་དགོས་ཚེ།  ནང་ཆེན་རྫོང་སྲིད་གཞུང་ལ་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག

དེ་བཞིན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༩ ཉིན། ཁམས་ནང་ཆེན་རྟ་རྣ་དགོན་གྱི་མཁན་པོ་འགྱུར་མེད་ཚུལ་ཁྲིམས་ལགས་ཀྱང་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག མཁན་པོ་ཁོང་གིས་བཀའ་བརྒྱུད་འཛམ་གླིང་ཞི་བདེའི་སྨོན་ལམ་སྐབས།  བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་དགོས་ལུགས་དང་། ཡ་རབས་བཟང་སྤྱོད་གལ་ཆེན་ཡིན་པ་སོགས་ཀྱི་བཀའ་སློབ་གནང་བར་བརྟེན་ནས། རྒྱ་གཞུང་གིས་གསང་བའི་ཐོག་ཁོང་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག ཁོང་འཇུ་བཟུང་བྱས་རྗེས་རྟ་རྣ་དགོན་གྱི་དགེ་འདུན་པ་རྣམས་དང་། སྡེ་པ་སོ་སོའི་འཐུས་མི་རྣམས་ཀྱིས་ཡུལ་ཤུལ་ཁུལ་གྱི་སྲིད་གཞུང་ལ་ཞུ་གཏུག་བྱས་པར་བརྟེན། གནས་ སྐབས་རིང་གློད་གྲོལ་བཏང་འདུག་མོད། མཁན་པོ་ཁོང་ལ་ཁུལ་དང་ཞིང་ཆེན་སོགས་ལ་སློབ་གསོ་ཉན་དུ་ཡོང་དགོས་པའི་བཙན་བཀའ་བཏང་ཡོད་ པ་རེད།

ས་གནས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན། དེང་སྐབས་བོད་ནང་དུ་ཆོས་དང་རིག་གཞུང་ལ་མཁྱེན་རྟོགས་དང་ཤ་ཞེན་ཆེ་བའི་མི་སྣ་མང་པོ་ཞིག  རྒྱ་གཞུང་གིས་ཉེས་པ་འདྲ་མིན་འོག་རེ་རེ་བཞིན་འཛིན་བཟུང་བཙོན་འཇུག་དང་། ལྐོག་ནས་མེད་པ་བཟོ་བཞིན་པའི་གནས་ཚུལ་འབྱུང་གི་ཡོད་འདུག