19/01/2020

ཁ་པར་སྐུད་ལམ་ནས་བོད་སྐད་ཡིག་སློབ་གསོ་གླེང་བར་བརྟེན་ནས་བོད་མི་ཞིག་ཁྲིམས་འགལ་བཀག་བསྐྱིལ་བྱས་པ་རེད།

  •   
  •  
  •  
  •  
  •  
  •  
  •  

བོད་མི་ཞིག་གིས་ཁ་པར་སྐུད་ལམ་ནས་རང་གི་ནུ་བོ་དང་ལྷན་དུ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ནང་བྱིས་པ་ཚོར་བོད་སྐད་ཡིག་སློབ་འཁྲིད་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་ནས་ཁ་བརྡ་གློད་པར་རྒྱ་གཞུང་གིས་ལྐོག་ཉན་བྱས་ནས། ཁོང་འཇུ་བཟུང་གིས་དུས་ཡུན་ཟླ་གཅིག་ལྷག་རིང་ཆབ་སྲིད་སློབ་གསོའི་བཀག་ཉར་ཁང་ཞིག་ཏུ་བཀག་བསྐྱིལ་བྱས་པ་རེད།

འདི་ལོའི་ཕྱི་ཟླ་༢ ཚེས་༢༠ ཉིན་རང་ལོ་༤༥ ཡིན་ཞིང་ཕ་ཡུལ་དིང་རི་རྫོང་བཀྲ་ཤིས་འཛོམས་ཡུལ་ཚོའི་དཔེ་ལེབ་གྲོང་སྡེ་ནས་ཡིན་པའི་ཚེ་རིང་རྡོ་རྗེས་ཁ་པར་སྐུད་ལམ་ནས་བཙན་བྱོལ་ནང་གནས་སྡོད་བྱས་པའི་ནུ་བོ་དབང་འདུས་ཚེ་རིང་ལ་ཁ་བརྡ་བྱས་པར་བརྟེན་ནས། རྒྱ་གཞུང་གིས་ཁོང་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། དེ་ཡང་ཚེ་རིང་རྡོ་རྗེས་ལྷ་རྩེ་རྫོང་སློབ་གྲྭར་ཡོད་པའི་ཁོང་གི་བུ་མོར་ལྟ་རུ་ཕྱིན་ནས་ཕྱིར་ཡོང་བའི་ལམ་བར་ནས་དིང་རི་རྫོང་ཉེན་རྟོག་པས་བཀོད་ཁྱབ་བཏང་བ་ལྟར་ལྷ་རྩེ་རྫོང་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཡོད་པ་རེད།

རང་ལོ་༢༩ ཡིན་པའི་དབང་འདུས་ཚེ་རིང་གིས་འདི་ག་ལྟེ་གནས་ཁང་ལ་བརྗོད་དོན། “ཞོགས་པ་དེར་ངས་ཕུ་བོ་ཆེ་བར་ཁ་པར་བཏང་ནས། ངེད་གཉིས་ཀྱིས་བྱིས་པ་ཚོར་བོད་སྐད་ཡིག་སློབ་འཁྲིད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་ཁ་བརྡ་བྱས་ཡིན། ངས་ཕོ་བུར་བྱིས་པ་ཚོར་ཆུང་དུས་ནས་བོད་སྐད་ཡིག་སློབ་འཁྲིད་མ་བྱས་ཚེ། ཁོ་ཚོས་རྒྱ་ཡིག་རྒྱ་སྐད་གཙོ་བོར་སྦྱོང་བའི་གནས་སྟངས་གླེང་བ་ཡིན།”

དགོང་མོ་དེར་དབང་འདུས་ཚེ་རིང་ལ་ཉེ་འབྲེལ་ཞིག་གིས་ཁ་པར་ཡོང་ནས་ཁོང་གི་ཕུ་བོ་བཀག་ཉར་བྱས་པའི་གནས་ཚུལ་བཤད་ཡོད་པ་རེད། “བཀག་ཉར་ཁང་གི་འགོ་ཁྲིད་ཚོས་ངའི་ཕུ་བོར་ཁོ་རང་བཀག་ཉར་བྱེད་དོན་ནི། ཁོས་ནམ་རྒྱུན་ཕྱི་ལོགས་ལ་འབྲེལ་གཏུག་བྱེད་ཀྱི་ཡོད་རབས་དང་། ཁ་པར་སྐུད་ལམ་ནས་བྱིས་པ་ཚོར་བོད་སྐད་ཡིག་སློབ་འཁྲིད་བྱེད་དགོས་སྐོར་གྱི་ཁ་བརྡ་བྱས་པ་དང་། དེ་ནི་ཆབ་སྲིད་ཀྱི་ནག་ཉེས་ཡིན་ལུགས་བཤད་འདུག”

གོང་ཞུས་ལྷ་རྩེ་རྫོང་ཉེན་རྟོག་པས་ཚེ་རིང་རྡོ་རྗེ་འཇུ་བཟུང་གིས་དིང་རི་རྫོང་ཉེན་རྟོག་པར་རྩིས་སྤྲད་བྱས་ཡོད་པ་དང་། འཇུ་བཟུང་སྐབས་སུ་ཁོང་གི་ལག་འཁྱེར་ཅ་དངོས་དང་ལྷག་པར་དུ་ཁ་པར་ནང་སྔོག་བཤེར་བྱས་ཡོད་པ་རེད། དིང་རི་རྫོང་བཀག་ཉར་ཁང་དུ་དུས་ཡུན་ཟླ་གཅིག་ལྷག་རིང་བཀག་ཉར་གྱིས་བཤད་དོན། “འདི་བཙོན་ཁང་མ་རེད། འདི་སློབ་གསོ་རྒྱག་ས་བཀག་ཉར་ཁང་རེད།” དུས་ཡུན་རིང་བོར་འདྲི་གཅོད་དང་གཅར་རྡུང་བཏང་རྗེས། ཁོང་གློད་གྲོལ་བཏང་སྐབས། ཁོ་རང་བཀག་ཉར་འདྲི་གཅོད་བྱས་པའི་གནས་ཚུལ་ཕྱི་ལོགས་ལ་བཤད་མི་ཆོག་པ་དང་། གལ་ཏེ་བཤད་པ་ཡིན་ན། དེའི་མཇུག་འབྲས་ཚབས་ཆེན་ཡིན་པའི་ཉེན་བརྡ་ཡང་བཏང་འདུག

མག་པ་བཀག་བསྐྱིལ་བྱས་པ།

འདི་ལོའི་ཕྱི་ཟླ་༡ ནང་ཚེ་རིང་རྡོ་རྗེ་ཚང་གི་མག་པ་ཕུན་ཚོགས་ཀྱང་དུས་ཡུན་ཉིན་གྲངས་༢༠ རིང་བཀག་བསྐྱིལ་བྱས་ཡོད་པ་དང་། དེ་ཡང་ཁོང་གི་ཤུག་མོ་ཟླ་བ་མཚམས་གཅོད་ཀྱིས་ཁ་པར་སྐུད་ལམ་ནས་མིང་པོ་དབང་འདུས་ཚེ་རིང་ལ་ཁ་བརྡ་བྱས་པར་རྒྱ་གཞུང་གིས་ལྐོག་ཉན་གྱིས། དིང་རི་རྫོང་ཉེན་རྟོག་པས་ཁོང་མོར་འདྲི་གཅོད་བྱས་ཡོད་པ་དང་། ཕུན་ཚོགས་ལྷ་སར་ཚོང་དོན་ལ་ཕྱིན་ཏེ་ཕྱིར་ཐོན་ནས་ཉིན་གཉིས་ཀྱི་རྗེས་ཏེ་ཕྱི་ཟླ་༡ ཚེས་༡༨ ཉིན་གྱི་ཞོགས་པར་དིང་རི་རྫོང་ཉེན་རྟོག་པ་ཁོང་ཚང་ལ་སླེབས་ནས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་པ་རེད།

ཕྱི་ཟླ་དྲུག་པའི་ཚེས་༣༠ ཉིན་དབང་འདུས་ཚེ་རིང་གིས་སྲིང་མོ་མཚམས་གཅོད་ལ་ཁ་པར་བཏང་ནས་ཁོང་མོར་འཚམ་འདྲི་བྱས་ཡོད་པ་དང་མོ་གྲོང་སྡེ་གཞན་པར་གནས་ལ་ཕྱིན་ཡོད་པ་རེད། ཁོང་གཉིས་ཀྱིས་ཕན་ཚན་ལ་འཚམ་འདྲིའི་ཁ་བརྡ་བྱས་ནས་ཉིན་ཁ་ཤས་རྗེས་སུ། དིང་རི་རྫོང་ཉེན་རྟོག་པ་ཁོ་མོ་ཚང་ལ་ཡོང་ནས། མོས་ཁ་པར་ནང་སྐད་ཆ་ག་རེ་བཤད་མིན་འདྲི་གཅོད་བྱས་ཤིང་། ཁྱིམ་ནང་སྔོག་བཤེར་བྱས་ནས་སྐུ་འདྲ་དང་ཆོས་དཔེ་རྙིང་པ་ཁ་ཤས་ཡོད་པ་དེ་ཁྲིམས་འགལ་ཡིན་རབས་བཤད་ནས་བཙན་འཁྱེར་བྱས་ཡོད་པ་རེད། སྤྱིར་ཆོས་དཔེ་དེ་དག་ག་རེ་ཡིན་མིན་མི་གསལ་ནའང་། དེང་སྐབས་བོད་ནང་དུ་༸གོང་ས་མཆོག་དང་འབྲེལ་བའི་སྐུ་འདྲ་དང་ཆོས་དཔེ་ཉར་བ་ནི་ཁྲིམས་འགལ་གྱི་ངོ་བོར་བསྒྱུར་ཡོད་པ་རེད། ཉེན་རྟོག་པས་མཚམས་གཅོད་ལ་ཁོང་མོའི་བཟའ་ཟླ་ཕྱིར་ཐོན་ན། ཉེན་རྟོག་པར་འབྲེལ་གཏུག་དགོས་པའི་བཀའ་བཀོད་བཏང་འདུག  སྐབས་དེར་མོའི་བཟའ་ཟླ་ཕུན་ཚོགས་ས་ཁང་འཛུགས་སྐྲུན་གྱི་ལས་དོན་ཞིག་གི་ཆེད་དུ་ཕྱི་ལོགས་ལ་ཕྱིན་ཡོད་པ་རེད། ཡིན་ནའང་ཕུན་ཚོགས་བཀག་ཉར་བྱས་དོན་དེ། ཁོང་ཚང་གི་ཁྱིམ་ནང་ཉར་བའི་སྐུ་འདྲ་དང་དཔེ་རྙིང་དེ་དག་དང་། ཡང་ན་ཁོང་གི་བཟའ་ཟླས་བཙན་བྱོལ་ནང་ཡོད་པའི་ནུ་བོར་ཁ་བརྡ་བྱས་པ་དེ་གཉིས་ཀྱི་གང་ཡིན་མིན་གསལ་ཁ་མེད་པ་རེད།

ཡང་ནས་བསྐྱར་དུ་བཀག་བསྐྱིལ་བྱས་པ།

དབང་འདུས་ཚི་རིང་བོད་ནང་ལ་ཕྱིར་ལོགས་མ་ཐུབ་པ་དང་། ནང་མི་དང་གཉེན་ཉེ་ཚོར་འབྲེལ་གཏུག་མ་ཐུབ་པར་བཙོན་བྱོལ་ནང་ལྷག་བསྡད་ཡོད་པ་རེད། ནང་མི་ཚོའི་བདེ་འཇགས་ལ་ཉེན་ཁ་ཆེ་བས། ཁོས་ནང་མི་ཚོར་འབྲེལ་གཏུག་གནང་ཕོད་མེད་པ་རེད། ཉེ་ཆར་ཁོང་གི་ནང་མི་ཚོ་འཇུ་བཟུང་བཀག་ཉར་བྱས་པ་དེ་ནི། ཁོང་ནས་རྒྱ་གཞུང་གིས་ཁོང་དང་ནང་མི་ཚོ་ཡང་ནས་བསྐྱར་དུ་བཀག་ཉར་གྱི་སུན་གཙེར་གཏོང་སྟངས་ཤིག་ཡིན་པར་ཡིད་ཆེས་གནང་གི་འདུག

ཕྱི་ལོ་༡༡ ཕྱི་ཟླ་༩ ནང་དབང་འདུས་ཚེ་རིང་དང་གཞན་བོད་མི་༡༤ དིང་རི་རྫོང་ནས་རྒྱ་གར་ནང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དུས་དབང་ཞུ་བར་སླེབས་ཡོད་པ་དང་། ཁོས་ཕྱི་ལོ་༢༠༡༢ ལོའི་དུས་དབང་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དུས་དབང་མཐའ་མ་དེ་ཡིན་སྲིད་པའི་གནས་ཚུལ་གོ་ནས་ཡོང་བ་རེད། ལོ་དེའི་ཕྱི་ཟླ་༡༢ ནང་དིང་རི་རྫོང་ཉེན་རྟོག་པས་ཁོང་གི་ཕུ་བོ་ཚེ་རིང་རྡོ་རྗེ་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁོང་འཛིན་བཟུང་བྱེད་དོན་ནི་སྐབས་དེར་རྒྱ་གར་ནང་ཡོད་པའི་ནུ་བོ་དབང་འདུས་ཚེ་རིང་ལ་ཁ་པར་བཏང་རྐྱེན་ཡིན་པ་རེད། ཉེན་རྟོག་པས་ཁོང་གི་ནུ་བོ་དབང་འདུས་ཚེ་རིང་ནི་ཁ་བྲལ་བ་ཡིན་པས་ཁོང་ལ་མུ་མཐུད་འབྲེལ་གཏུག་བྱས་ན། ཁོང་ལ་ཉེས་ཆེད་གཅོད་པའི་ཉེན་བརྡ་བཏང་འདུག

ཕྱིས་སུ་དབང་འདུས་ཚེ་རིང་གི་ཕ་མ་གཉིས་དང་བུ་སྤུན་སོགས་ནང་མི་བརྒྱད་ལ་རྒྱ་ནག་སྲིད་གཞུང་གི་རོགས་སྐྱོར་རྣམ་གྲངས་ཁག་མེད་པར་བཟོས་པ་དང་། མ་ཟད་ཁོ་ཚོ་དིང་རི་རྫོང་གི་ཕྱི་ལོགས་དང་གཞིས་རྩེ་གྲོང་ཁྱེར་བཅས་ལ་འགྲོ་མི་ཆོག་པ་བཟོས་འདུག་ལ། ཕྱིས་སུ་ཁོང་ཚོ་དིང་རི་རྫོང་ཁོངས་ལ་འགྲུལ་སྐྱོད་ཆོག་ཀྱང་། ད་དུང་ཡང་ཁོ་ཚོ་གཞིས་རྩེ་དང་ལྷ་སར་འགྲོ་མི་ཆོག་པ་རེད།

རྒྱ་གཞུང་གིས་དབང་འདུས་ཚེ་རིང་ཕྱིར་རང་ཁྱིམ་ལ་ལོགས་མ་བཅུག་པར་ཁོང་རྒྱ་གར་ནང་སྡོད་དགོས་བྱུང་བ་དང་། ཁོང་གི་ནང་མི་ཚོར་དྲག་གནོན་ཤུགས་ཆེར་གཏོང་གི་ཡོད་པ་རེད། གནས་སྟངས་དེའི་འོག་ཏུ་ཕུ་བོ་ཚེ་རིང་རྡོ་རྗེས་ནུ་བོ་དབང་འདུས་ཚེ་རིང་ལ། ཁོ་བཙན་བྱོལ་བོད་མིའི་སློབ་གྲྭར་ཞུགས་མི་རུང་བ་དང་། གལ་ཏེ་ཞུགས་པ་ཡིན་ན། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཇུ་བཟུང་བྱ་རྒྱུ་ཡིན་པའི་ཐ་ཚིག་བསྒྲགས་སྐོར་བརྗོད་ཡོད་པ་རེད། “ཁོང་ཚོས་ཁྱོད་ཁ་བྲལ་རིང་ལུགས་ནང་ཞུགས་པར་བསམ་ངེས་རེད།” ཅེས་ཚེ་རིང་རྡེ་རྗེས་ནུ་བོ་དབང་འདུས་ཚེ་རིང་ལ་བརྗོད་འདུག ནང་མི་ཚོ་འཇུ་བཟུང་བཀག་ཉར་ཐེབས་རྐྱེན། དབང་འདུས་ཚེ་རིང་གིས་བཙན་བྱོལ་ནང་མུ་མཐུད་སློབ་གཉེར་གནང་ཐུབ་མེད་པ་རེད།

མི་བསད་པའི་ཉེས་པ་དང་གཅིག་པ་རེད་ཟེར།

ཕྱི་ལོ་༢༠༡༢ ཟླ་༤ ནང་དབང་འདུས་ཚེ་རིང་ཕྱིར་ཕ་ཡུལ་ལ་ལོག་སྐབས། བོད་བལ་མཐའ་མཚམས་ཀྱི་རྒྱ་ནག་ཉེན་རྟོག་དམག་མིས་འཇུས་ནས་དུས་ཡུན་ཟླ་བ་༤ ལྷག་རིང་བཀག་བསྐྱིལ་དང་གཟའ་འཁོར་གཅིག་རིང་ནག་ཁུང་ནང་གཅིག་པུར་བཙོན་འཇུག་བྱས་ཡོད་པ་རེད། མི་གྲངས་༡༥ གྲས་གྱི་མི་༤ དུས་དབང་ཚར་རྗེས་ཕྱིར་བོད་ལ་ཕྱིན་སྐབས། ཐ་ན་ཁོ་ཚོས་༸རྒྱལ་བའི་སྐུ་པར་དང་རྟེན་རྫས་རིགས་ཅི་གང་ཁྱེར་མེད་ནའང་། ཁོང་ཚོ་ཡང་གཞིས་རྩེ་གཉའ་རི་བཙོན་ཁང་ནང་དུས་ཡུན་ཟླ་བ་༣ རིང་བཀག་ཉར་བྱས་ཡོད་པ་དང་། ཁོང་ཚོ་བཀག་ཉར་བྱས་དོན་ནི་༸གོང་ས་མཆོག་གི་དུས་དབང་ཞུས་པས་ཡིན་འདུག

ཕྱིས་ཀྱི་ཕྱི་ཟླ་བ་༤ ནང་ཕ་ཡུལ་དིང་རི་རྫོང་ནས་ཡིན་པའི་དབང་འདུས་ཚེ་རིང་དང་གཞན་བོད་མི་༡༠ ཕྱིར་བོད་ལ་ལོགས་སྐབས། ཁོ་ཚོ་བོད་བལ་མཐའ་མཚམས་ཤར་གངས་རིའི་རྒྱུད་ཀྱི་ནང་པ་ལ་ནས་འཇུ་བཟུང་བྱས་ཡོད་པ་དང་། ཁོ་ཚོས་༸གོང་ས་མཆོག་གི་སྐུ་པར་ཆུང་ཆུང་རིགས་དང་དུས་དབང་གི་མཐེབ་སྡེར་དང་འོད་སྡེར་ཁྱེར་ཡོད་སྟབས། ཤར་གངས་རིའི་འདབས་ཀྱི་རྒྱ་ནག་གི་དམག་སྒར་ཞིག་ཏུ་ཁྲིད་ནས། དེ་གར་དུས་ཡུན་གཟའ་འཁོར་གཅིག་རིང་ལག་ལྕགས་བརྒྱབ་པ་དང་ལྭ་བ་སྲབ་མོ་གྱོན་བཅུག་སྟེ། ཁངས་ཐོག་ཏུ་ཤིང་ལེབ་ཆུང་ཆུང་ཞིག་བཞག་ནས་དེའི་ཐོག་ཏུ་འདུག་བཅུག་ཡོད་པ་རེད།

མཐའ་མཚམས་ཉེན་རྟོག་དམག་མིས་དབང་འདུས་ཚེ་རིང་དང་ཁོང་གི་རོགས་པ་ཚོར། ཁོ་ཚོ་ཅིའི་ཕྱིར་ཏཱ་ལའི་བླ་མའི་དུས་དབང་ལ་བཅར་བ་དང་། ཁོ་ཚོ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་དང་ཏཱ་ལའི་རྒྱུག་ཁྱུ་ཡིན་རབས་ཀྱི་འདྲི་གཅོད་སྐབས་སུ་དབྱུག་པས་རྡུང་རྡེག་བཏང་ཡོད་པ་རེད། དབང་འདུས་ཚེ་རིང་གིས་བརྗོད་དོན། “དམག་མི་ཞིག་གིས་ང་ཚོར་ཁྱོད་ཚོས་ཏཱ་ལའི་སྐུ་པར་དང་ཁོང་གི་གསུང་ཆོས་ཁྱེར་ཡོང་པ་དེའི་ཉེས་པ་མི་བསད་པ་དང་གཅིག་པ་ཡིན་པ་ཤེས་སམ་ཞེས་ཟེར།” དེ་གར་བཀག་ཉར་སྐབས་སུ་ཁོང་ཚོར་རྩམ་པ་ཉུང་ངུ་ལས་ཅི་ཡང་སྤྲད་མེད་པ་རེད།

དེའི་རྗེས་མཐའ་མཚམས་རྒྱ་དམག་གིས་ཁོ་ཚོང་དིང་རི་རྫོང་ཉེན་རྟོག་པར་རྩིས་སྤྲོད་བྱས་ནས་དེ་གར་ཁོང་ཚོ་དུས་ཡུན་ཉིན་གྲངས་༢༠ རིང་བཀག་ཉར་བྱས་འདུག དིང་རི་རྫོང་ཉེན་རྟོག་པས་ཁོང་ཚོར་ཡང་བསྐྱར་འདྲི་གཅོད་དང་གཅར་རྡུང་བཏང་བར་མ་ཟད། ཉེན་རྟོག་པས་ཁོང་ཚོར་ཟ་འཐུང་མ་སྤྲད་པར་ལྟོགས་སྐོམ་གྱི་མནར་གཅོད་བཏང་ཡོད་པ་རེད། དབང་འདུས་ཚེ་རིང་གིས། “ང་ཚོས་ལྟོགས་སྐོམ་མ་བཟོད་པར། ཁོང་ཚོར་ང་ཚོར་ཟ་མ་ཉོ་རོགས་ཞེས་སྒོར་མོ་ཉུང་ངུ་རེ་ཡོད་པ་བྱིན་ནས་ཞུ་བ་བྱས་པ་ཡིན།” ཞེས་བརྗོད་ཡོད། ཐ་མར་རྒྱ་དམག་གིས་ཁོ་ཚོར་མི་རྐྱང་ཐུག་པ་འགའ་དང་ཆུ་ཚ་བོ་སྤྲད་ཡོད་པ་རེད།

དིང་རི་རྫོང་ཉེན་རྟོག་པས་ཁོ་ཚོ་གཉའ་རི་བཙོན་ཁང་དུ་རྩིས་སྤྲོད་བྱས་པ་དང་དེ་གར་ཁོང་ཚོར་མནར་གཅོད་ཡ་ང་བ་བཏང་ཡོད་པ་རེད། དུས་ཡུན་ཟླ་བ་༣ རིང་གཉའ་རི་བཙོན་དུ་ཁོང་ཚོར་བཙོན་འཇུག་དང་མནར་གཅོད་བཏང་འདུག དཔེར་ན་འདྲི་གཅོད་སྐབས་སུ། དབང་འདུས་ཚེ་རིང་ལ་ལག་ལྕགས་བརྒྱབ་ནས། གོན་པ་ཚང་མ་ཕུད་ཅིང་དྲང་མོར་ལངས་བཅུག་སྟེ། ཁ་བྲལ་བ་དང་ཏཱ་ལའི་རྒྱུག་ཁྱུ། ཆབ་སྲིད་ཀྱི་ནག་ཉེས་ཡོད་རབས་ཟེར་ནས་གློག་རྒྱུག་དབྱུག་པས་རྡུང་རྡེག་བཏང་འདུག  “ཁོང་ཚོས་ང་ཚོར། ཁྱོད་ཚོ་ཚང་མ་ན་གཞོན་ཡིན་ཁར། མཐའ་མཚམས་ནང་སྡོད་མཁན་རེད། ཁྱོད་ཚོ་མཐའ་མཚམས་ནང་སྡོད་མཁན་གྱིས་ཉེས་པ་འདི་འདྲ་བསགས་ན། དེའི་ཉེས་ཆད་ག་འདྲ་ཡིན་མིན་ཤེས་སམ་ཞེས་གཅར་རྡུང་བཏང་བ་རེད།” ཅེས་དབང་འདུས་ཚེ་རིང་གིས་འདི་ག་ལྟེ་གནས་ཁང་ལ་བརྗོད་ཡོད། བཙོན་ཁང་དུ་ཁོང་ཚོར་ཞོགས་པར་རྩ་པ་རྙིང་པ་དང་ཇ་ཐང་ཉུང་ངུ་དང་། ཉིན་གུང་ཆུ་བཙོས་ལ་ཕུག དགོང་དྲོར་ལ་ཕུག་གི་ཁུ་ཐང་ཉུང་ངུ་ཙམ་ལས་ཅི་ཡང་སྤྲད་མེད་པ་དང་། བཙོན་ཁང་གི་ལྕགས་དྲའི་ཁང་མིག་གཅིག་གི་ནང་དུ་མི་གཉིས་རེ་བྱས་ནས་བཙོན་འཇུག་བྱས་ཡོད་པ་རེད།

ཁོང་ཚོའི་ནང་མི་ཚོར་ཁོང་ཚོ་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་གསལ་བཤད་བྱས་མེད་པ་དང་། ནང་མི་ཚོས་རྗེས་རྗེས་སུ་མ་གཏོགས་ཁོང་ཚོ་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད། གཉའ་རི་བཙོན་ཁང་གིས་ཁོང་ཚོ་གཉའ་ལམ་རྫོང་ཁོངས་སུ་འཁེལ་བའི་མཐའ་མཚམས་འགྲམ་གྱི་ཉེན་རྟོག་པར་རྩིས་སྤྲད་དེ། ཁོ་ཚོ་ཚང་མ་བོད་ནས་ཕྱིར་བསྐྲད་རྒྱུ་ཐག་གཅོད་བྱས་འདུག ཁོང་ཚོ་བལ་ཡུལ་མཐའ་མཚམས་ད་ཏོ་པ་ནེ་ཡི་བལ་ཡུལ་མཐའ་མཚམས་དམག་མིར་རྩིས་མ་སྤྲད་སྔོན་དེར། འགྲམ་གྱི་ཉེན་རྟོག་པས་ཁོ་ཚོའི་ཐོབ་ཐང་ལག་ཁྱེར་དང་། གཞན་བཙོན་ཁང་གི་ཡིག་ཆ་ཚང་མ་བླངས་ནས་ཕྱིར་བོད་ནང་ལ་ཡོང་མི་ཆོག་པ་བཟོས་འདུག ཡིན་ནའང་ཁོང་ཚོའི་གྲས་ཀྱི་མི་གཅིག་གིས་བལ་ཡུལ་སྐད་ཤེས་ཀྱི་ཡོད་པ་དང་། བལ་ཡུལ་དམག་མིར་དོན་དངོས་སུ་ཁོ་ཚོ་བལ་ཡུལ་གྱི་མི་མིན་པར་བོད་མི་ཡིན་པ་དང་། ཁོ་ཚོའི་བཟའ་ཟླ་དང་བྱིས་པ་ཚང་མ་བོད་ན་ཡོད་པ་བརྗོད་འདུག་ལ། དེ་བས་བལ་ཡུལ་དམག་མི་དོགས་པ་སྐྱེས་ནས་ཁོ་ཚོ་རྩིས་ལེན་བྱས་མེད་འདུག

རྒྱ་ནག་མཐའ་སྲུང་ཉེན་རྟོག་པས་ཁོ་ཚོ་ཕྱིར་གཉའ་རི་བཙོན་ཁང་དུ་ཁྲིད་ནས། དེ་གར་དུས་ཡུན་གཟའ་འཁོར་གཅིག་ཙམ་གྱི་རིང་ལ་ཁོ་ཚོ་བརླན་བཤེར་ཆེ་བའི་ནག་ཁུང་ཞིག་གི་ནང་དུ་བཅུག་ཡོད་པ་དང་། ཉིན་རེར་བག་ལེབ་གཅིག་རེ་མ་གཏོགས་ཅི་གང་སྤྲད་མེད་པ་རེད།

གཟའ་འཁོར་གཅིག་ཙམ་གྱི་རྗེས་སུ་ཁོ་ཚོ་ཡང་བསྐྱར་འགྲམ་དུ་ཁྲིད་ནས། བལ་ཡུལ་དམག་མིར་སྒོར་མོ་མང་པོ་བྱིན་ནས་རྩིས་སྤྲད་ཡོད་པ་རེད། “ངས་སྒོར་མོ་ག་ཚོད་ཡོད་མེད་མ་ཤེས་མོད། བསྡམས་མ་མང་པོ་ཞིག་སྤྲད་སོང་།” ཞེས་དབང་འདུས་ཚེ་རིང་གིས་བརྗོད་དོན། “ང་ཚོས་རྒྱ་དམག་ལ་ང་ཚོ་བལ་ཡུལ་ལ་མི་འགྲོ། ང་ཚོ་ཕ་ཡུལ་ལ་ལོགས་མི་ཆོག་ན། ང་ཚོ་ག་བར་འགྲོ་དགོས་པ་རེད། ཅེས་བཤད་པར། རྒྱ་དམག་གིས་ང་ཚོར་དེ་ཁྱོད་ཚོས་ཏཱ་ལའི་ལ་ཕྲིས་ཟེར།”

བལ་ཡུལ་ལ་སླེབས་རྗེས། བལ་དམག་གིས་ཁོ་ཚོ་བལ་ཡུལ་ཕྱི་མིའི་ལས་ཁུངས་ལ་རྩིས་སྤྲད་ཡོད་པ་དང་། དེ་གར་ཉིན་༤ རྗེས་སུ་མཉམ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་དང་བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རོགས་བྱས་ནས་གློད་འདུག ཕྱི་ལོ་༢༠༡༣ ཟླ་༨ ཚེས་༣༠ ཉིན་གློད་གྲོལ་བཏང་རྗེས། ཁོ་ཚོ་བལ་ཡུལ་རྒྱལ་ས་ཀ་ཊི་མན་ཌུར་རྟེན་གཞི་བྱས་པའི་བོད་མིའི་སྣེ་ལེན་ཁང་དུ་བླངས་པ་དང་། ཕྱིས་སུ་རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལར་མངགས་འདུག སྐབས་དེར་དབང་འདུས་ཚེ་རིང་གིས། འདི་ནི་གནས་སྐབས་ཀྱི་གོ་སྒྲིག་ཡིན་པ་དང་། མི་འགྱངས་པར་ཁོ་རང་ཕྱིར་ཕ་ཡུལ་ལ་ལོ་ལོགས་ཐུབ་པའི་རེ་བ་གནང་ཡོད་པ་རེད། ཡིན་ནའང་ཁོང་ཕྱིར་ཕ་ཡུལ་ལ་ལོགས་མ་ཐུབ་པར་མི་ལོ་༧ ཕྱིན་ཁར། ད་སྔ་ད་དུང་ཡང་ཁོང་ཕྱིར་ཕ་ཡུལ་ལ་ལོགས་ཐུབ་མིན་ལ་གསལ་ཁ་མེད་པ་རེད།