16/12/2019

༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་ཀློད་གྲོལ་དགོས་པའི་འབོད་སྐུལ་གསལ་བསྒྲགས།

  •   
  •  
  •  
  •  
  •  
  •  
  •  

ད་ལྟ་རང་ལོ་ ༢༤  ལ་ཕེབས་པའི་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་ཀྱིས་མུ་མཐུད་གར་སོང་ཆ་མེད་གྱུར་ཡོད་པའི་གནས་སྟངས་དེ་རྒྱ་གཞུང་གིས་མཚམས་འཇོག་བྱས་ཏེ།  བོད་མིའི་ཆོས་ཀྱི་དབུ་ཁྲིད་ཁོང་འཕྲལ་དུ་ཀློད་གྲོལ་གཏོང་དགོས།

དེ་རིང་ནི་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རང་ལོ་ ༢༤ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་ཡིན་ལ།  ༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་།  ཁོང་གི་ཡབ་ཡུམ་ནང་མི་དང་བཅས་པ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༡༨ འགྲོ་བཞིན་ཡོད།

རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་དགོང་ལོ་ ༦ གི་སྟེང་འཁྲུངས་གཞིས་ནས་ཡབ་ཡུམ་ནང་མི་དང་བཅས་པ་བཙན་ཁྲིད་བྱས་ཡོད་ལ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་ནང་མི་བཅས་ཀྱི་གནད་སྟངས་སྐོར་ནས་དྲི་བརྩད་མང་པོ་བྱས་ཡོད་ཀྱང་། རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མི་སེར་དཀྱུས་མ་ཞིག་ནང་བཞིན་བདེ་ཐང་ངང་འཚར་ལོངས་འབྱུང་བཞིན་ཡོད་པ་དང་།  ཁོང་གི་ནང་མིས་དེའི་ཐད་ལ་ཐེ་ཇུས་མ་བྱེད་རོགས་བརྗོད་སྐོར་འགྲེལ་བརྗོད་ཙམ་ལས།   དོན་དངོས་ཐོག་༸པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་ནང་མི་བཅས་ཀྱི་ད་ལྟའི་གནས་སྟངས་དང་། ཁོང་རྣམས་གར་ཡོད་གང་གནས་ཀྱི་གནས་ཚུལ་སོགས་རྩ་བ་ནས་འགྲེལ་བརྗོད་བྱེད་ཀྱིན་མེད་པ་རེད།

དོན་དངོས་ཐོག་རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་བདེ་ཐང་ངང་འཚར་ལོངས་འབྱུང་བཞིན་ཡོད་ལུགས་བཤད་པ་ཙམ་ལས་ཁུངས་ལྡན་ཡིད་ཆེས་འཕེར་བའི་བདེན་དཔང་གང་ཡང་སྟོན་རྒྱུ་མེད་པར་གྱུར་ཡོད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་ཐད་ཀར་ཐུགས་འཕྲད་ཡོང་རྒྱུར་འབོད་སྐུལ་རིམ་པར་ཞུས་ཡོད་ཀྱང་རྒྱ་གཞུང་གིས་ཁས་ལེན་རྩ་བ་ནས་བྱས་མེད།

རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་མུ་མཐུད་བཀག་ཉར་གསང་སྦས་བྱས་པ་དེས།  རྒྱལ་སྤྱིའི་སྟེང་རྒྱ་གཞུང་རང་ཉིད་ལའང་མཚན་ཤས་ཀྱི་གཞི་རྩ་ཞིག་ཆགས་ཡོད་ལ། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་དོ་ཁུར་གང་ཡང་མེད་པར། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་རྡོག་རོལ་བཏང་བ་དེས་རྒྱལ་སྤྱིའི་ཐོག་རྒྱ་གཞུང་གི་མཐོང་སྣང་སྔར་བས་ཇེ་ཞན་ཇེ་སྡུག་འགྲོ་བཞིན་ཡོད།

སྤྱིར་གར་སོང་ཆ་མེད་དུ་གྱུར་བ་ནི་ཁྲིམས་འགལ་གྱི་ཉེས་སྤྱོད་ཅིག་ཆགས་ཡོད། དེའི་རྒྱུ་མཚན་ནི་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་དེས། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་བརྡལ་བཤིག་གཏོང་བཞིན་ཡོད་དེ། འགྲོ་བ་མིའི་གཞི་རྩའི་བདེ་འཇགས་དང་ཆེ་མཐོང་གི་ཐོབ་ཐང་། མི་སྤྱོད་ལས་འདས་པའི་མནར་གཅོད་མྱོང་མི་དགོས་པའི་རང་དབང་། འཛིན་བཟུང་བཀག་ཉར་སྐབས་མིའི་འདུ་ཤེས་འཛིན་དགོས་པའི་ཐོབ་ཐང་། ཁྲིམས་གཏུགས་ཀྱི་ཐོབ་ཐང་། དྲང་བདེན་ཁྲིམས་གཅོད་ཀྱི་ཐོབ་ཐང་། ཁྱིམ་ཚང་དང་ཚེ་སྲོག་གི་ཐོབ་ཐང་སོགས་རྡོག་རོལ་གཏོང་བཞིན་ཡོད།

༸པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བ་དེས། བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་ཚབས་ཆེ་བཏང་ཡོད་ལ། རྒྱ་གཞུང་གིས་ཆོས་དད་རང་དབང་བཙན་འཕྲོག་གི་བྱ་སྤྱོད་དེ་ཆབ་སྲིད་ངོ་བོར་བསྒྱུར་ཐབས་བྱེད་བཞིན་པ་དེ་ནི་རྩ་བ་ཉིད་ནས་ཡོང་ཐབས་མེད་པ་ཞིག་རེད། དེ་བཞིན། ༸པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་བ་དེས། བོད་མིའི་ཆོས་ཕྱོགས་དང་བོད་མིའི་གནས་བབ་ལ་དོ་ཕོག་ཆེན་པོ་ཕྱིན་ཡོད། ཆོས་ལ་ཆབ་སྲིད་ཀྱི་ལྷད་མ་ཞུགས་པ་ཞིག་དགོས་རྒྱུ་དེ་རྒྱ་གཞུང་གི་ཤེས་དགོས་པ་གནད་ཆེན་པོ་རེད།

རྒྱ་གཞུང་གིས་རྒྱུན་དུ་༸པཎ་ཆེན་རིན་པོ་ཆེ་མཆོག་ནི་བྱིས་པ་དཀྱུས་མ་ཞིག་རེད་ཅེས་བརྗོད་ཀྱིན་པ་དེ་དོན་གཏམ་ཡིན་ན།  བྱིས་པ་ཆུང་ཆུང་ཞིག་ཕྱི་ཕྱོགས་ལ་གསལ་སྟོན་མི་བྱེད་པར་བཀག་ཉར་གསང་སྦས་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད།  རྒྱ་གཞུང་གི་ཁ་བཤད་དང་ལག་ལེན་རྒྱབ་འགལ་དུ་གྱུར་བའི་བྱ་སྤྱོད་དེ་རིགས་ནི་ཧ་ཅང་ཡ་མཚན་པ་ཞིག་དང་། དོགས་སློང་དང་སེམས་འཚབ་བསླེབ་གཞི་ཞིག་ཆགས་ཡོད།

རྒྱ་གཞུང་གི་ <<རྩ་ཁྲིམས་དོན་ཚན་ ༣༤ >>ནང་རང་ལོ་ ༡༨ ལ་སོན་པའི་ན་གཞོན་སུ་ཞིག་ཡིན་ཡང་།  འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཆོས་དད་རང་དབང་དང་། ལས་རིགས་གཉེར་བའི་རང་དབང་། ཤེས་ཡོན་གྱི་ཐོབ་ཐང་སོགས་ལོངས་སྤྱོད་ཀྱི་ཁེ་དབང་ཆ་ཚང་ཡོད་པ་འཁོད་ཡོད། ཡིན་ནའང་། རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མུ་མཐུད་བཀག་ཉར་གསང་སྦས་བྱས་པ་དེས།  རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་ཀྱང་རྡོལ་རོལ་བཏང་ཡོད་པ་གསལ་པོ་རེད། ད་ལྟ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་གཞན་གྱི་བྱ་རའི་འོག་སྡོད་དགོས་པའི་བྱིས་པ་ཞིག་མ་ཡིན་པར། རང་ལོ་ ༢༤ ཕེབས་པའི་ན་གཞོན་ཞིག་ཆགས་ཡོད་སྟབས། རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་གཞིར་བཟུང་ལྟར།  རྒྱ་གཞུང་གིས་བརྗོད་པའི་བདེ་འཇགས་སྲུང་སྐྱོབ་ཅེས་པའི་ཁག་དཀྲིའི་འོག་བཀག་ཉར་བྱེད་ཆོག་གི་མེད། རྒྱ་གཞུང་གི་རྩ་ཁྲིམས་གཞིར་བཟུང་བྱས་ན་༸པཎ་ཆེན་རིན་པོ་ཆེ་མཆོག་མི་སེར་དཀྱུས་མ་ཞིག་ནང་བཞིན་རང་དབང་ཐོག་གནས་བསྡད་དང་འཚོ་བ་རོལ་ཆོག་པའི་ཐོབ་ཐང་ཆ་ཚང་ཡོད་དགོས་ངེས་ཤིག་རེད།

༸པཎ་ཆེན་རིན་པོ་མཆོག་ནི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཆགས་ཡོད་པ་མ་ཟད། པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་ཡང་སྲིད་ངོས་འཛིན་གནང་སྟངས་གང་ཐད་ནས་ཀྱང་།  ༸དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པ་དེར་རྒྱ་གཞུང་གིས་ཆ་འཇོག་བྱེད་དགོས་ཆགས་ཡོད།  ཡིན་ནའང་། རྒྱ་གཞུང་གིས་དེ་ལས་ལྡོག་སྟེ་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་ཀྱིས་མུ་མཐུད་བཀག་ཉར་གསང་སྦས་བྱས་པ་དེས། བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་ཚབས་ཆེ་གཏོང་བཞིན་པ་གསལ་སྟོན་བྱས་ཡོད།

འདི་ག་ལྟེ་གནས་ཁང་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་ཆ་རྐྱེན་གང་ཡང་མེད་པའི་ཐོག་ཀློད་གྲོལ་གཏོང་དགོས་པ་ནན་བརྗོད་བྱ་རྒྱུ་ཡིན། གལ་སྲིད་རྒྱ་གཞུང་གིས་ཁོང་ཀློད་གྲོལ་བཏང་བ་ཡིན་ན། རྒྱ་གཞུང་གིས་བོད་མིའི་ཁེ་དབང་ཁག་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱེད་ཀྱིན་པ་དེ་ཁ་བཤད་དོན་ལ་གནས་པ་ཞིག་ཏུ་འགྱུར་ངེས་རེད། དེ་བཞིན།  འདི་ག་ལྟེ་གནས་ཁང་གི་ངོས་ནས་རང་དབང་ཅན་གྱི་ཆེས་མཐོའི་མི་སྣ་ཁག་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་གནང་འཇུག་དགོས་པའི་དགོས་འདུན་རིམ་པར་བཏོན་ཡོད་པ་ལྟར། དེ་རིང་སླར་ཡང་རྒྱ་གཞུང་ལ་དགོས་འདུན་དེ་བསྐྱར་ནན་བྱེད་རྒྱུ་ཡོད།

མཐའ་དོན་བོད་ནང་དུ་བོད་མི་གར་སོང་ཆ་མེད་གྱུར་དང་འགྱུར་བཞིན་པའི་གནས་སྟངས་དེར་རྒྱ་གཞུང་གིས་འགན་ལེན་སྲུང་སྐྱོབ་ཡོང་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་ནུས་པ་ལྡན་པའི་གནོད་ཤུགས་མུ་མཐུད་སྤྲོད་རོགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། །

 

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས།