28/09/2020

༸གོང་ས་མཆོག་ལ་བསྟོད་གླུ་ཕུལ་བར་བརྟེན་ནས་རྒྱ་གཞུང་གིས་བོད་མི་གཉིས་ལ་རྒྱལ་ཁབ་མགོ་རྟིང་སློག་པའི་བསྙོན་འཛུགས་འོག་ཏུ་བཙོན་འཇུག་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  

འདི་ག་ལྟེ་གནས་ཁང་ལ་ཁུངས་ལྡན་གནས་ཚུལ་བརྗོད་གསལ་ལྟར་ན། ཟླ་སྔོན་མར་རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ནས་ཡིན་པའི་བོད་མི་གཉིས་ལ་རྒྱལ་ཁབ་མགོ་རྟིང་སློག་རབས་དང་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྒྲགས་ལུགས་ཀྱི་བསྙོན་འཛུགས་འོག་ཏུ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་གླུ་ཚིག་ཅིག་བྲིས་པར་བརྟེན་ནས་མཁའ་མགྲོ་ཚེ་བརྟན་དང་ཚེ་རྒོ་གཉིས་ལ་བཙོན་ཐག་བཅད་འདུག མཁའ་མགྲོ་ཚེ་བརྟན་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྒྲགས་ལུགས་ཀྱི་ཉེས་ཆད་ལོ་ལྔ་དང་། རྒྱལ་ཁབ་མགོ་རྟིང་སློག་རབས་ཀྱི་ཉེས་ཆད་ལོ་གཉིས་བཅས་ཁྱོན་མི་ལོ་བདུན་དང་། གླུ་བ་ཚེ་རྒོ་ལ་མི་ལོ་གསུམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག རྒྱ་གཞུང་གི་གསལ་ཁ་ཅི་ཡང་མེད་པའི་བསྙོན་འཛུགས་ཀྱི་སྐད་ཆ་འདི་དག་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གནང་མཁན་དང་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཆབ་སྲིད་ལྟ་སྤྱོད་དང་མི་མཐུན་མཁན་ཚོར་སྡུག་སྦྱོང་མནར་གཅོད་འགེལ་ཐབས་དང་གྲགས་མེད་འགུལ་མེད་བཟོ་ཐབས་སུ་བེད་སྤྱོད་བཞིན་པ་ཞིག་རེད།

ན་ནིང་མཁའ་འགྲོ་ཚེ་བརྟན་གྱིས་གླུ་ཚིག་ཅིག་བྲིས་པ་དང་། ཕྱིས་སུ་གཞས་ཚིག་དེ་ཡུལ་གནས་དེའི་རྡུང་ལེན་པ་ཚེ་རྒོས་བླངས་པར་བརྟེན་ནས། ཕྱི་ལོ་༢༠༡༩ ཟླ་༤ བའི་ཚེས་༢༦ ཉིན་ཁོང་གཉིས་ཕ་ཡུལ་རྡོ་དཀར་ནས་འཛིན་བཟུང་གིས་ཐུན་རིན་རྫོང་དུ་བཀག་ཉར་བྱས་ཡོད་འདུག

རྡོ་དཀར་ཡུལ་ཚོ་ནག་ལྡོང་སྡེ་བའི་བུ་མོ་ཞིག་གིས་གླུ་གཞས་རྡུང་ལེན་དེ་སྤྱི་ཚོགས་དྲ་ལམ་སྣ་ཚོགས་ནང་བརྒྱུད་སྐུར་བྱས་རྐྱེན། ཁྲིམས་ཞིབ་ཙམ་ཡང་མ་བརྒྱུད་པར་བུ་མོ་དེ་དུས་ཡུན་ལོ་གཅིག་རིང་ཁྲིམས་འགལ་བཀར་བསྐྱིལ་བྱས་རྗེས་གློད་འདུག

མཁའ་འགྲོ་ཚེ་བརྟན་ཕྱི་ལོ་༢༠༡༢ ལོར་རེབ་གོང་ཁུལ་གྱི་བོད་རིགས་སློབ་ཕྲུག་ཚོས་བོད་སྐད་ཡིག་རང་དབང་གི་ཐོབ་ཐང་དགོས་པའི་ཞི་རྒོལ་ལས་འགུལ་སྤེལ་བའི་ནང་ཞུགས་པར་བརྟེན་ནས་བཀག་ཉར་བྱས་ཡོད་པ་དང་། ལོ་དེའི་ཕྱི་ཟླ་༡༢ བའི་ནང་བོད་རིགས་སློབ་མ་སྟོང་ཕྲག་མང་པོས་རྒྱ་གཞུང་གིས་བོད་སྐད་སློབ་གསོའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ཞི་རྒོལ་སྐད་འབོད་ཐེངས་མང་གནང་ཡོད། མཁའ་འགྲོ་ཚེ་བརྟན་ཕྱི་ལོ་༢༠༡༤ ཟླ་བ་༧ པའི་ནང་གློད་གྲོལ་བཏང་རྗེས་ཁོང་དོགས་ཟོན་ལྟ་ཞིབ་འོག་ཏུ་བཞག་ནས། ས་གནས་ཉེན་རྟོག་པས་ཁོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེན་བྱས་ཤིང་། ཁོའི་ཐོབ་ཐང་ལག་འཁྱེར་རྩིས་མེད་བཏང་ནས་རྒྱལ་ཁབ་ཀྱི་རོགས་སྐྱོར་རྣམ་གྲངས་ཁག་མེད་པར་བཟོས་འདུག སྐབས་དེ་ནས་བཟུང་ཁོ་སློབ་གྲྭར་འགྲོ་མི་ཆོག་པ་བཟོས་རྐྱེན་རང་ཁྱིམ་དུ་སྡོད་དགོས་བྱུང་བ་དང་། ད་ཆར་ཁོ་གཉེན་སྒྲིག་ནས་བྱིས་པ་ཞིག་ཀྱང་ཡོད་འདུག

རྒྱ་གཞུང་གིས་མཁའ་འགྲོ་ཚེ་བརྟན་ཕྱི་ལོ་༢༠༡༢ ལོར་འཛིན་བཟུང་བཀར་ཉར་བྱས་སྐབས་ཀྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་མེད་ཅིང་། ཕྱི་ལོ་༢༠༡༤ ལོར་གློད་གྲོལ་རྗེས་ཁོའི་ཆབ་སྲིད་ཐོབ་ཐང་བཙན་འཕྲོག་བྱས་ཡོད་པ་དང་། དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ཟེར་བའི་བསྙོན་འཛུགས་དང་འབྲེལ་བའི་བཙོན་པ་ཚོ་བཙོན་འཇུག་གི་དུས་ཡུན་ཚང་རྗེས། བཙོན་ཁང་གི་ཕྱི་ལོགས་ནས་སླར་ཡང་བཙན་འཕྲོག་བཙན་འགེལ་བྱེད་བཞིན་པའི་ཉེས་ཆད་ཅིག་ཡིན་པ་རེད། རྒྱ་གཞུང་གི་ཉེས་དོན་བཅའ་ཁྲིམས་ཀྱི་དོན་ཚན་༥༤ དང་༥༥ ནང་དུ་མི་སྒེར་གྱི་ཆབ་སྲིད་ཐོབ་ཐང་འཕྲོག་པ་བརྒྱུད་ནས་ཁོ་ཚོར་སྨྲ་བརྗོད་དང་གསར་འགོད། འདུ་འཛོམ་དང་ཚོགས་འབྲེལ། རྔམ་སྟོན་ཁྲོམ་སྐོར་བཅས་ཀྱི་རང་དབང་གང་ཡང་མེད་པ་གསལ་འདུག དེར་མ་ཟད། བཀག་བསྐྱིལ་འོག་གི་མི་སྣ་ཚོར་སྟངས་འཛིན་དོ་དམ་དང་དོགས་ཟོན་མྱུལ་ཞིབ། ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ། བཀག་བསྐྱིལ་ནར་འགྱངས་གཏོང་བ། བཀག་ཉར་སྔ་རྗེས་ཀྱི་ལྟ་རྟོག་གམ་སྤྱི་བདེ་ལས་ཁུངས་ནས་འཕྲོད་བསྟེན་ལྟ་སྐྱོང་བཀག་སྡོམ་བྱེད་པ་བཅས་ནི་མི་སྒེར་གྱི་ཆབ་སྲིད་ཐོབ་ཐང་འཕྲོག་ཐབས་ཀྱི་དམིགས་བསམ་དམ་དྲག་རེད་ལ། རྒྱ་གཞུང་གི་སྒྲིག་ཁྲིམས་ཁག་གི་ནང་དུ་སྤྱི་བདེ་ལས་ཁུངས་ལ་ལྟ་རྟོག་དང་དོགས་ཟོན་མྱུལ་ཞིབ་ཀྱི་དབང་ཆ་ཆེན་པོ་སྤྲད་ཡོད་པ་དེ་ནི་ཉེས་མེད་མི་མང་གི་སེམས་འཚབ་སྐྱེ་གཞི་ཡིན་པ་དང་། དོགས་ཟོན་མྱུལ་ཞིབ་འོག་ཏུ་བཞག་པའི་མི་མང་གིས་རང་ཡུལ་ནས་ས་གནས་གཞན་གང་རུང་ལ་འགྲོ་དུས་ངེས་པར་དུ་འབྲེལ་ཡོད་སྤྱི་བདེ་ལས་ཁུངས་ལ་ཡར་ཞུ་བྱེད་དགོས་པ་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་སོ་སོའི་རྣམ་དཔྱོད་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་མཁན་བོད་མི་ཚོར་ཟམ་མི་ཆད་པར་དྲག་གནོན་མནར་གཅོད་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། རྒྱ་གཞུང་གིས་མཁའ་འགྲོ་ཚེ་བརྟན་དང་གླུ་བ་ཚེ་རྒོ། གཞན་མིང་མ་ཤེས་པའི་བུ་མོ་ཞིག་བཅས་ལ་ཁྲིམས་ཞིབ་ཙམ་ཡང་མེད་པར་བཀག་ཉར་བྱས་པ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་མ་ཟད་རྒྱ་གཞུང་རང་གི་བཅའ་ཁྲིམས་དང་ཡོངས་སུ་འགལ་འདུག་སྟེ། རྒྱུ་མཚན་ནི་ཁྲིམས་ཡིག་འདི་གཉིས་ཀྱི་ནང་དུ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་པ་གསལ་ཡོད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཆིངས་ཡིག་སྣ་ཚོགས་ཀྱི་ཆ་ཤས་བླངས་ཡོད་པའི་ཆ་ནས། རྒྱ་ནག་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་སྲུང་སྐྱོབ། མངོན་འགྱུར་བཅས་བྱེད་པའི་འགན་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་མཁའ་འགྲོ་ཚེ་བརྟན་དང་གླུ་བ་ཚེ་རྒོ་གཉིས་ཁྲིམས་འགལ་བཀག་བསྐྱིལ་ཁང་ནས་མྱུར་དུ་གློད་གྲོལ་གཏོང་དགོས་པ་མ་ཟད། འཕྲལ་དུ་ཁོང་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁ་ཡོད་ལག་ཡོད་ཀྱིས་སླར་གསོ་བྱེད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ལ། རྒྱ་གཞུང་གིས་མིང་མ་ཤེས་པའི་བུ་མོ་དེ་ཚུད་པའི་བོད་མི་འདི་གསུམ་ཁྲིམས་འགལ་བཀག་ཉར་བྱས་པའི་གནད་དོན་ལ་ཕྱི་གསལ་ནང་གསལ་གྱི་ཞིབ་འཇུག་བྱས་ནས། འབྲེལ་ཡོད་ཉེས་ཅན་དཔོན་རིགས་ཚོར་དུས་ཐོག་ཉེས་ཆད་གཅོད་དགོས།