15/12/2019

༢༠༡༨ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་འདི་ག་ལྟེ་གནས་ཁང་གིས་སྤེལ་བའི་བསྒྲགས་གཏམ།

  •   
  •  
  •  
  •  
  •  
  •  
  •  

“འགན་སྲུང་མེད་པར་ངས་ཚོས་ཡར་རྒྱས་ལོངས་སུ་སྤྱོད་མི་ཐུབ་ལ། ཡར་རྒྱས་མེད་པར་ང་ཚོས་འགན་སྲུང་ལོངས་སུ་སྤྱོད་མི་ཐུབ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མེད་པར་ང་ཚོས་འགན་སྲུང་དང་ཡར་རྒྱས་གང་ཡང་ལོངས་སུ་སྤྱོད་མི་ཐུབ།”

_________མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་བ་ཁོ་ཧྥེ་ཨ་ནན།

དེ་རིང་ནི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ནས་མི་ལོ་༧༠ འཁོར་བའི་རྗེས་དྲན་ཉིན་མོ་ཡིན་ཞིང་། ལོ་རྒྱུས་རང་བཞིན་གྱི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཡིག་ཆ་འདིའི་ནང་དུ། འགྲོ་བ་མི་ཚང་མར་སྤྱི་དམངས་དང་། དཔལ་འབྱོར། ཆབ་སྲིད། རིག་གཞུང་བཅས་ཀྱི་ཐོབ་ཐང་ཁག་འགན་ལེན་ཁག་ཐེག་བྱས་ཡོད། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནི་འཛམ་གླིང་ཡོངས་ཁྱབ་རང་བཞིན་དང་། དབྱེ་འབྱེད་དང་ཟུར་ཕུད་གང་ཡང་མེད་པར་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ནམ་ཡང་ཁ་འབྲལ་ཐབས་མེད་པ་ཞིག་ཆགས་ཡིན།

འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ནས་མི་ལོ་༧༠ ཕྱིན་ཡང་འཛམ་གླིང་སྒང་འདིར་ཐོབ་ཐང་ལ་སྲུང་སྐྱོབ་དང་ཡར་རྒྱས། མངོན་འགྱུར་བཅས་བྱེད་པར་ད་དུང་ཡང་འཇིག་ཉེན་ལ་འཕྲད་ཡོད། འཛམ་གླིང་ཡུལ་གྲུ་མང་པོ་ཞིག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་སྐྱིད་སྡུག་ཁག་ལ་དམ་དྲག་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་དགྲར་འཛིན། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་བརྡལ་བཤིག་གཏོང་བཞིན་པ་ང་ཚོ་ཚང་མའི་མིག་མཐོང་ལག་ཟིན་ཆགས་ཡོད། དེ་ཡང་རྒྱ་གཞུང་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་འགྲོ་བ་ཐོབ་ཐང་ལ་ལོག་འགྲེལ་བྱེད་ཀྱི་ཡོད་དེ། རིང་མིན་ཉེ་ཆར་སྲིད་དབང་སྒེར་གཅོད་པ་རྒྱ་ནག་དམར་ཤོག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ནང་ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་ཁག་གཞན་དག་ལས་གལ་འགངས་ཆེ་ཤོས་དང་འགྲོ་བ་མིའི་ཐོབ་ཐང་ཁག་གཞན་དག་ལོངས་སུ་སྤྱོད་ཐབས་ཀྱི་ཆ་རྐྱེན་དུ་འཛིན་པའི་གྲོས་ཆོད་བཞག་པ་རེད།

བོད་ནང་དུ་རྒྱ་གཞུང་གིས་མུ་མཐུད་རྒྱལ་སྤྱིའི་ཁྲིམས་ཀྱི་སྲུང་སྐྱོབ་འོག་གི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་གི་ཡོད་ལ། བོད་མི་ཚོས་ད་དུང་ཡང་རྒྱ་གཞུང་གི་དམིགས་ཡུལ་དང་འཆར་གཞི་ལྡན་པའི་དྲག་གནོན་སྲིད་ཇུས་དང་། ཁྲིམས་འགལ་ལུགས་འགལ་གྱི་ཉེས་ཆད། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེར་བཏང་བའི་དཀའ་སྡུག་མང་པོ་མྱོང་བཞིན་ཡོད། རྒྱ་གཞུང་གིས་བོད་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་གཙིགས་ཆེར་བཟུང་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྡོག་རོལ་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་གཏོང་མཁན་དམར་ཤོག་གཞུང་གི་སྒྲིག་གྲས་ལས་བྱེད་ཚོས་བོད་མིའི་ཆོས་དང་རིག་གཞུང་ལ་ཧམ་འཛུལ་བྱེད་པའི་ཉེས་ཆད་མེད་པར་བཟོས་ཡོད། རྒྱ་གཞུང་གི་རྩ་ཁྲིམས་དང་མི་རིགས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་བརྡལ་བཤིག་འོག་ཏུ་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་དུ་དྲག་གནོན་སྲིད་ཇུས་མང་པོ་ལག་བསྟར་བྱས་ཏེ་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་ཡོད། རྒྱ་གཞུང་གིས་ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་ཁག་གཞན་དག་ལས་གཙིགས་ཆེར་བཟུང་ཡང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་དཔལ་འབྱོར་ཡར་རྒྱས་དང་བོད་མིར་འཚོ་ཐབས་འདུ་འགོད་ཀྱི་གོ་སྐབས། ཡང་ན་བོད་མིའི་ཁེ་ཕན་སོགས་ཡར་རྒྱས་ཅི་གང་ཡང་བཏང་མེད། རྒྱ་གཞུང་གིས་བོད་ནང་དུ་རང་བྱུང་ཐོན་ཁུངས་སྔོག་འདོན་དང་དབོར་འདྲེན་བྱས་པ་མ་གཏོགས་བོད་མིའི་འཚོ་གནས་ཡར་རྒྱས་ཀྱི་ཐོབ་ཐང་ལག་བསྟར་བྱས་མེད།

ཉེ་བའི་ལོ་ངོ་འདི་དག་རིང་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་སྲིད་དབང་གཅིག་སྡུད་ཀྱི་འགོ་ཁྲིད་འོག་ཏུ་བོད་མིའི་འཚོ་གནས་ཁྲོད་དུ་དམར་ཤོག་སྲིད་གཞུང་གི་དོགས་ཟོན་མྱུལ་ཞིབ་ལས་གཞི་མང་པོ་ཁྱབ་སྤེལ་ཤུགས་ཆེར་བཏང་སྟེ་བོད་མི་ཚོས་རང་དབང་གི་སྒོ་ནས་སོ་སོའི་མངོན་འདོད་སྟོན་རྒྱུ་ནི་ཧ་ལམ་མི་སྲིད་པའི་གནས་སྟངས་ཤིག་ཆགས་ཡོད། རྒྱ་གཞུང་གིས་ཁྲིམས་སྒྲིག་གསར་བ་མང་པོ་གཏན་འབེབས་ལག་བསྟར་བྱེད་པ་དེས། བོད་མིའི་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། འདུ་འཛོམ་རང་དབང་། ཚོགས་འབྲེལ་རང་དབང། འགྲོ་འདུག་རང་དབང་། ཪིག་གཞུང་གི་ཐོབ་ཐང་དང་སྒེར་དབང་ཐོབ་ཐང་བཅས་ལ་བརྡལ་བཤིག་ཤུགས་ཆེར་གཏོང་བཞིན་པ་བདེན་དཔང་ར་སྤྲོད་བྱས་ཡོད།

རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་སྲུང་དང་སྲུང་སྐྱོབ་ཀྱི་མིང་ཐོག་ནས་རྒྱ་གཞུང་གི་དབང་འཛིན་དཔོན་རིགས་ཚོས་མུ་མཐུད་དུ་སོ་སོའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་མཁན་དང་། ཞི་རྒོལ་གནང་མཁན་བོད་མི་སྟོང་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་གཏོང་མུས་ཡིན་པ་རེད། འདི་ག་ལྟེ་གནས་ཁང་གི་བོད་ཀྱི་ཆབ་སྲིད་བཙོན་པའི་ཐོ་གཞུང་ནང་དུ། རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇུགས་ལ་ཉེན་ཁ་བཟོས་རབས་ཀྱི་ཁྲིམས་འགལ་ཉེས་འཛུགས་འོག་ཏུ་བོད་མི་ཆབ་སྲིད་བཙོན་པ་༥༡༠༧ གནས་ཚུལ་འཁོད་ཡོད།

སྲིད་དབང་སྒེར་གཅོད་པ་རྒྱ་ནག་དམར་ཤོག་སྲིད་གཞུང་ལྟ་བུའི་རྒྱལ་ཁབ་ཁག་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་པར། འཛམ་གླིང་སྒང་གི་མང་གཙོའི་རྒྱལ་ཁབ་ཁག་དང་། སྤྱི་མང་གི་ཚོགས་པ་སྐྱིད་སྡུག་ཁག རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚང་མར་མཉམ་ཞུགས་ཡོང་ཐབས་ཀྱི་གནོན་ཤུགས་སྤྲད་དེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྲོལ་དང་གུ་ཡངས་སྲིད་ཇུས་ཁག་ལ་རྩིས་མེད་རྡོག་རོལ་གཏོང་བར་མཐའ་གཅིག་ཏུ་ཡ་ལན་སློག་དགོས། མང་གཙོའི་རྒྱལ་ཁབ་ཁག་གིས་ཕྱི་འབྲེལ་སྲིད་ཇུས་འཛིན་སྐབས་གནས་སྐབས་ཀྱི་ཉོ་འཚོང་ཁེ་ལས་གཅིག་པུ་མིན་པར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཁག་གཙིགས་ཆེར་འཛིན་དགོས་པར་མ་ཟད། རྒྱ་གཞུང་གིས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཁག་ནི་ཕྱི་འབྲེལ་དང་ཆབ་སྲིད་ཀྱི་ལག་ཆེར་བེད་སྤྱོད་བཞིན་པ་དེ་བཀག་སྡོམ་བྱེད་དགོས། རྒྱལ་སྤྱིའི་སྟེང་རྒྱ་གཞུང་གི་འཆར་ཅན་ཕྱི་འབྲེལ་དང་སྲིད་དབང་གཅིག་སྡུད་ཀྱི་ཤུགས་རྐྱེན་འཕེལ་བཞིན་པ་དེས། འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་མཁན་སྲིད་གཞུང་ཁག་ལ་རྒྱབ་སྐྱོར་དང་། འཛམ་གླིང་ཡུལ་གྲུ་གང་སར་ཉེན་ཁ་སློང་བ། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་རྩའི་རྩ་འཛིན་ཁག་ལ་འཇིག་ཉེན་བཟོ་བཞིན་ཡོད།

ལོ་ངོ་གཅིག་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབས་གསལ་བསྒྲགས་ཀྱི་རྩ་འཛིན་ཁག་ཡར་རྒྱས་གཏོང་ཐབས་ཀྱི་ལས་འགུལ་སྤེལ་བ་དེས། ང་ཚོར་ལོ་རྒྱུས་རང་བཞིན་གྱི་རྒྱལ་སྤྱིའི་རྩ་འཛིན་ཡིག་ཆ་འདིའི་རིན་ཐང་དང་། ད་ལྟའི་འབྲེལ་ཡོད་ཁྲིམས་ཡིག་ཁག་གསལ་འདོན་བྱེད་པའི་གོ་སྐབས་བསྐྲུན་པར་མ་ཟད། ཡིག་ཆ་འདིའི་ནང་འཁོད་དོན་ལྟར་འགྲོ་བ་མི་ཚང་མས་རང་དབང་དང་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཐུབ་པའི་བློ་གཏད་དང་ཡིད་ཆེས་བསྐྱར་དུ་ར་སྤྲོད་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགུལ་ནང་མཉམ་ཞུགས་ཐོག་འདི་ག་ལྟེ་གནས་ཁང་གི་ངོས་ནས། འདི་ལོའི་ཕྱི་ཟླ་༡༡ ཚེས་༣༠ ཉིན་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དང་འབྲེལ་བའི་བོད་ཡིག་རྐྱང་བའི་དྲ་ཚིགས་ཤིག་གསར་བཟོ་དང་སྤྱི་ཚོགས་སྟེང་ཤར་གཏོང་བྱས་ཡོད་ལ། དེ་ནི་མི་ལོ་༡༠ སྔོན་ལ་བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་གྱི་དགེ་འདུན་བཅུ་ཡིས་རང་སྲོག་བློས་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་བོད་ཡིག་ནང་དཔར་འགྲེམ་གནང་བ་དང་། དེ་ལ་བརྟེན་ནས་རྒྱ་གཞུང་གིས་དགེ་འདུན་པ་ཁོང་རྣམ་པ་འཛིན་བཟུང་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་བཏང་བར་རྗེས་དྲན་དང་། དགེ་འདུན་པ་ཁོང་རྣམ་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་མཐོངས། ལྷག་པར་དུ་གནད་དོན་དེ་སྔར་བས་གསལ་རྟོགས་ཡོང་ཆེད་ལ་དམིགས་པ་ཡིན། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ནས་མི་ལོ་༧༠ འཁོར་བའི་རྗེས་དྲན་གསལ་རྟོགས་ཡོང་ཆེད། དེ་རིང་འདི་ག་ལྟེ་གནས་ཁང་གི་ངོས་ནས་དྲ་ལམ་ཐོ་གཞུང་ཞིག་འདོན་སྤེལ་བྱས་ཡོད་ལ། དེའི་ནང་དུ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་ཚུལ་ཁ་གསབ་དང་དངོས་འབྲེལ་གནས་ཚུལ་འཁོད་ཡོད། བོད་ཀྱི་ཆབ་སྲིད་བཙོན་པའི་ཐོ་གཞུང་དྲ་ལམ་དུ་སྤེལ་དོན་ནི། བོད་ནང་དུ་རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་ཤུགས་ཆེར་གཏོང་བཞིན་པར་རྟོགས་ཞིབ་དང་དངོས་ཡོད་གནས་ཚུལ་ར་སྤྲོད་ཡོང་ཆེད་དུ་དམིགས་པ་ཡིན་ལ། གལ་ཆེའི་ཡིག་ཆ་འདི་དག་བརྒྱུད་ལམ་དུ་མཁོ་སྤྲོད་བྱེད་དོན་ཡང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ལས་འགུལ་བ་གཅིག་པུ་ཙམ་མིན་པར་ཞིབ་འཇུག་བ་དང་། འགར་འགོད་པ། གྲོས་ཚོགས་འཐུས་མི་བཅས་དོ་སྣང་ཡོད་རིགས་རྣམ་པས་བོད་ཀྱི་ཆབ་སྲིད་བཙོན་པའི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོད་ཆེད་དུ་སྤེལ་བ་ཡིན།

དེ་རིང་<<བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱིི་རྩོམ་རིག>>(Tibetan Literature: In The Web of Censorship and Discrimination)ཅེས་པའི་དབྱིན་ཡིག་གི་སྙན་ཐོ་འགྲེམ་སྤེལ་བྱས་ཡོད་ལ། བོད་ཡིག་གི་སྙན་ཐོ་དེ་ཕྱི་ཟླ་༡༡ ཚེས་༡༥ ཉིན་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་དང་བསྟུན་ནས་འགྲེམ་སྤེལ་བྱས་ཡོད། སྙན་ཐོ་འདིའི་ནང་དུ་རྒྱ་གཞུང་གི་དབང་བསྒྱུར་འོག་གི་བོད་ཀྱི་རྩོམ་རིག་གི་གནས་བབ་སྤྱི་དང་། ལྷག་པར་དུ་བོད་ཀྱི་རྩོམ་རིག་གི་ཁྱབ་ཁོངས་སུ་བཀག་སྡོམ་དང་དབྱེ་འབྱེད་ཀྱི་སྲིད་བྱུས་དང་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་པའི་སྐོར་གསལ་འདོན་བྱས་ཡོད།