16/12/2019

༢༠༡༦ལོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོང་ཐང་ཉིན་མོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བསྒྲགས་གཏམ།

  •   
  •  
  •  
  •  
  •  
  •  
  •  

 

དེ་རིང་ནི་ ༡༩༤༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ <<ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་>> སྤེལ་ནས་ལོ་ཧྲིལ་པོ་ ༦༨  འཁོར་བའི་དུས་དྲན་ཉིན་མོ་ཡིན། ང་ཚོ་ནི་སའི་གོ་ལའི་ཁྱིམ་ཚང་གཅིག་གི་མི་ཡིན་པ་བཞིན།  ང་ཚོ་སྐྱེས་པ་ནས་རང་དབང་དང་འདྲ་མཉམ་རང་ཆས་སུ་ཡོད་ཐོག  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་འགྲོ་འོང་རང་དབང་དང་། བསམ་བློའི་རང་དབང་། སྒེར་གཉེར་རང་དབང་། ཆོས་ལུགས་རང་དབང་། འདུ་འཛོམས་རང་དང་འཚོ་གནས་རང་དབང་བཅས་ཁག་ཐེག་གཏན་འབེབ་བྱས་ཡོད།

hrd-logo

ང་ཚོ་ནི་འཇིག་རྟེན་འདིའི་སྟེང་དུ་གཅིག་ལ་གཅིག་རྟེན་དང་གཅིག་ལ་གཅིག་འབྲེལ་དུ་འཚོ་ཞིང་གནང་བས་ན།  གཅིག་གི་གནང་བབ་ཀྱིས་གཅིག་ལ་ཤུགས་རྐྱེན་རང་བཞིན་དུ་ཐེབས་མུས་སུ་ཡོད་ལ།  འགྲོ་བ་མིའི་ཐོབ་ཐང་ལ་རྒྱལ་མཚམས་མེད།  འགྲོ་བ་མིའི་ཐོབ་ཐང་ནི་གོ་ལའི་གནད་དོན་ཅིག་ཡིན། ང་ཚོ་འགྲོ་བ་མི་ཡིན་པ་གཅིག་མཚུངས་སུ་ངེས་པ་བཞིན། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའང་གཅིག་མཚུངས་ཡིན་ལ། ཐམས་ཅད་ལ་ཆེ་མཐོང་ལྡན་པ་དང་རང་དབང་ལྡན་པ། ལོངས་སྤྱོད་ལྡན་པའི་སྒོ་ནས་འཚོ་གནས་བྱེད་འདུན་ཡོད་པ་ཡིན། ནང་བ་སངས་རྒྱས་པའི་ཆོས་ལུགས་ལྟར་ན། ང་ཚོའི་བདེ་བ་ནི་གཞན་གྱི་བདེ་བ་ལ་རག་ལས་ཡོད། གལ་སྲིད་ང་ཚོའི་བདེ་སྐྱོད་འདོད་ཚེ། ང་ཚོས་ང་ཚོ་རང་ཉིད་གཅིག་པུ་ཙམ་བསམ་པ་མ་ཡིན་པར། འཇིག་རྟེན་འདིའི་སྟེང་གི་འགྲོ་བ་རིགས་དྲུག་ཐམས་ཅད་ལའང་བསམ་བློ་གཏོང་དགོས་གསལ་ཡོད།

ཕྱི་ལོ་༢༠༡༦ལོ་ནི།  མི་མང་ས་ཡ་མང་བོ་ཞིག་རང་ས་རང་ཡུལ་ནས་ཕྱིར་བུད་དང་གནས་སྤོ་གཏོང་ཕྱིར་གོང་གི་ཐོབ་ཐང་དེ་དག་ལོངས་སུ་སྤྱོད་སྐལ་བྱུང་མེད་ཐོག དམག་འཁྲུག་དང་།  ཁོར་ཡུག་གཏོར་སྐྱོན། སྲིད་གཞུང་གི་དམ་དྲག་སོགས་ཀྱི་རྐྱེན་པས་ད་ལོ་བཞིན་གྱི་སྐྱབས་བཅོལ་བ་མང་པོ་ཞིག་འདས་པའི་ལོ་རྒྱུས་ཁྲོད་བྱུང་མྱངས་མེད། དཀྱིལ་ཤར་ཨེ་ཤ་ཡ་དང་། ཨ་ཧྥེ་རི་ཁ། ཨེ་ཤ་ཡ་སོགས་རྒྱལ་ཁུངས་འདྲ་མིན་ལ་དམག་འཁྲུག་དང་ཟིང་འཁྲུག་བསྟུད་མར་བྱུང་བར་བརྟེན་ནས།   མི་མང་ས་ཡང་མང་པོ་ཞིག་རང་ས་རང་ཡུལ་ནས་བྲོས་བྱོལ་དང་། ལྟོགས་སྐོམ་གྱི་དཀའ་སྡུག་དང་རང་བྱུང་གི་གནོད་འཚེ་ཕོག་བ་བྱུང་ཡོད།  ཡང་མི་མང་ས་ཡ་མང་པོ་ཞིག་ལ་རང་གི་སྲིད་གཞུང་གིས་ཁོང་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་དམ་དྲག་གི་རྐྱེན་ནས་བཙན་བྱོལ་འགྲོ་དགོས་བྱུང་ཡོད།

རྒྱ་ནག་སྲིད་གཞུང་གིས་སྟོབས་ཤུགས་རྒྱལ་སྤྱིའི་སྡིངས་ཆའི་སྒང་སླེབས་རྒྱུར་བསྟུད་མར་བརྩོན་འདོན་བྱས་པ་ཙམ་མ་ཟད།  དེང་འདིར་རྒྱ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕུན་ཚོགས་དར་རྒྱས་ལ་སྨན་པའི་ལས་དོན་ཁུར་འགན་དངོས་སུ་བཞེས་རྒྱུའི་ཁ་གཡང་བསྒྲགས་ཡོད། ཡིན་ནའང་། རྒྱ་གཞུང་རང་གི་ནང་དུ་མི་མང་ས་ཡ་མང་བོའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་ཆ་འཇོག་དང་བརྩི་སྲུང་མ་ཐོབ་པར་དཀའ་ངལ་འཕྲད་མུས་ཡོད་ཐོག

རྒྱ་གཞུང་གིས་”ནུབ་ཀྱི་ཞིང་ཆེན་ཁག་ཡར་རྒྱས་གོང་འཕེལ་དང་ས་ཁུལ་དེ་དག་གི་མི་མང་ཚང་མར་དགོས་འདོད་ལོངས་སུ་སྤྱོད་ཐུབ་པ་བྱུང་རྒྱུ་”ཞེས་བསྒྲགས་ཀྱི་ཡོད།  ཡིན་ནའང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁག་ནི་མུ་མཐུད་ཉམས་ཞན་དང་། རྒྱ་གཞུང་གིས་མུ་མཐུད་བོད་མཚོན་པའི་གྲངས་ཉུང་མི་རིགས་ཁག་གི་འགྲོ་འོང་རང་དབང་དང་།  གཏམ་བརྗོད་རང་དབང་། ཆོས་ལུགས་རང་དབང་ཐད་ལ་བཀག་སྡོམ་བྱེད་མུས་སུ་ཡོད། དེ་ལྟར་ཐོབ་ཐང་ནི་སྐད་ཆ་མིན། དེ་ནི་ལག་བསྟར་ཡིན། དེ་ནི་སྲིད་གཞུང་གིས་སྤྲད་པ་མིན། འགྲོ་བ་མིའི་ལྷན་རྒྱས་དང་རང་ཆས་སུ་ཡོད་པ་ཞིག་ཡིན།

རྒྱ་ནང་སྲིད་གཞུང་གིས་བོད་མིའི་འཚོ་ཐབས་ནི་རྗེས་ལུས་དང་དཔལ་ཡོན་མ་དར་བའི་སྔོན་གྱི་གནས་སྟངས་ལྟ་བུ་མཐོང་ནས་དེང་རབས་ཅན་དང་ཡར་རྒྱས་སུ་གཏོང་དགོས་ཞེས་པའི་མིང་བྱང་འོག་དང་། རྒྱ་གཞུང་གི་ཚུལ་བཞིན་མི་ཡིན་པའི་སྲིད་ཇུས་རིམ་པའི་དབང་གིས། བོད་ཀྱི་ས་ཁུལ་ནས་བོད་མི་འབོར་ཆེན་གནས་སྤོ་དང་འབྲོག་པ་གང་མང་སྔར་གྱི་འཚོ་ཐབས་ལས་ཁ་བྲལ་གྱི་རྒྱ་ནག་གི་ཁྲོམ་རའི་སྤྱི་ཚོགས་སུ་བརྡ་འབྲེལ་གཏོང་ཕྱིར། བོད་ཀྱི་རོང་འབྲོག་མང་ཚོགས་སྟོང་ཕྲག་མང་བོས་རང་གི་ཨ་མེས་ཡོང་མེས་ཀྱི་ས་ཆ་དང་འཚོ་གནས།     ཟ་མའི་བདེ་འཇགས་བརླག་པའི་དཀའ་ངལ་འཕྲད་བཞིན་ཡོད།     ཡང་བོད་མི་རྣམས་ཀྱིས་རང་གི་རྩ་བའི་བླ་མ་༧གོང་ས་མཆོག་གི་དྲུང་ནས་གསུང་ཆོས་ཞུས་པ་དང་ཕྱི་ཕྱོགས་སུ་སོང་བའི་དབང་གིས་ཉེས་ཆད་དང་། སྲིད་གཞུང་ལ་འཚེ་བ་མེད་པའི་སྒོ་ནས་སྐྱོན་བརྗོད་དང་བསམ་འཆར་བཤད་པ་ཙམ་གྱི་ཁྲིམས་ཆད་ཕོག་གི་ཡོད་པ་རེད།

ཡང་གཞི་རྒྱ་ཆེ་བའི་དྲ་མིག་ལྟ་རྟོག་དང་དོ་དམ་གྱི་དབང་གིས།   བོད་མི་རྣམས་མི་འདོད་བཞིན་འཇིགས་དངངས་དང་དོགས་པ། འཛེམ་ཟོན་བྱས་སྟེ་འདུག་དགོས་འཁེལ་གྱི་ཡོད། ཞི་བའི་གཏམ་བརྗོད་ཀྱི་རྣམ་པ་ཅི་རིགས་ལ་རྒྱ་གཞུང་གིས་སུན་གཙེར་དང་ཁྲིམས་འགལ་དུ་བརྩིས་དྲགས་ནས། ད་ལྟའི་ཆར་བོད་མི་གང་མང་ཞིག་མུ་མཐུད་རང་ལུས་མེར་སྲེག་གི་སྒོ་ནས་རྒྱ་གཞུང་གི་མི་སྤྱོད་པའི་འདས་པའི་སྲིད་ཇུས་ཁག་ཐེར་འདོན་བྱེད་རྒྱུ་ཡོད།   རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་ཉེ་བའི་ཉིན་གཉིས་ཀྱི་སྔོན་དེ། ཟླ་འདིའི་ཕྱི་ཚེས་༨ཉིན། ཀན་ལྷོ་ཞིང་ཆེན་ཀན་སོའི་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆུ་རྫོང་ཐོག་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད།

འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབས་བཞིན་པའི་དུས་ཚོད་འདི་ལྟ་བུ་ལ། ང་ཚོ་ནི་མིའི་རིགས་ཀྱི་ནང་མི་གཅིག་ཡིན་པའི་འདུ་ཤེས་ཡོད་ཐོག་ནས།  འགྲོ་བ་མིའི་ཐོབ་ཐང་གི་ཆེད་ཕུན་ཚུན་གཅིག་གི་ཆེད་དུ་གཅིག་རྒྱབ་རྩརལངས་དགོས་ཡོད། འཛམ་གླིང་འདིའི་སྐྱེས་པ་ཚང་མར་རང་དབང་དང་འདྲ་མཉམ་མ་བྱུང་བར་དུ་ང་ཚོས་མུ་མཐུད་དཀའ་ཐུབ་ཁྱད་དུ་སེལ་ཞིང་ངལ་བ་མེད་པའི་སྒོ་ནས་གཅིག་གི་ཆེད་དུ་གཅིག་ལངས་དགོས་ཡོད།